༄༅། །ཉེ་སྔོན་རྒྱ་ནག་གཞུང་གིས་བཙན་དབང་གི་སྒོ་བརྒྱབ་པའི་སེང་འབྲུག་སྟག་རྩེ་སྒེར་གཉེར་སློབ་གྲྭར་ལོ་མང་རིང་དགེ་རྒན་གྱི་ཕྱག་ལས་གནང་མྱོང་མཁན་བོད་རིགས་བུད་མེད་རིན་ཆེན་སྐྱིད་ལགས་ལ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་མིང་འོག་ཟླ་འདིའི་ཕྱི་ཚེས་ ༡ ཉིན་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟ་ཁོང་མོ་གང་དུ་ཡོད་མེད་དང་། འཕྲོད་བསྟེན་གནས་སྟངས་སོགས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གི་ནང་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཟླ་ ༧ ཚེས་ ༨ ཉིན་སེང་འབྲུག་སྟག་རྩེ་སློབ་གྲྭ་དངོས་སུ་སྒོ་བརྒྱབ་པ་ནས་བཟུང་། དགེ་རྒན་རིན་ཆེན་སྐྱིད་ལགས་ཀྱིས་སྔ་དགོང་གི་ཟས་མ་བཟས་པར་ཉིན་གྲངས་བཅུ་གྲངས་ཤིག་ཕྱིན་ཏེ་གཟུགས་པོའི་གནས་སྟངས་ཧ་ཅང་ཞན་པོ་ཆགས་ཡོད་པར་བརྟེན། ཁོང་མོའི་ཕ་མ་དང་སྤུན་མཆེད་སོགས་ཀྱིས་སེམས་ཁུར་བྱས་ནས་སྨན་ཁང་དུ་འཁྲིད་ཐབས་བྱས་ཡོད་ཀྱང་འགྲོ་རོགས་བྱས་མེད་པ་དང་། ཕྱིས་སུ་ས་གནས་ཉེན་རྟོག་པ་ཡོང་ནས་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་མིང་གཡོགས་ཏེ། ས་གནས་སྨན་ཁང་ཞིག་ཏུ་བཙན་འཁྲིད་བྱས་ནས་ཉིན་གྲངས་ ༢ རིང་བཀག་ཉར་བྱས་རྗེས། ཟི་ལིང་གི་ཞིང་ཆེན་སྨན་ཁང་དུ་འཇོག་རྒྱུ་ཡིན་ཟེར་ནས་འཁྲིད་ཡོད་འདུག འོན་ཀྱང་ད་བར་ཁོང་མོའི་གནས་ཚུལ་གང་ཡང་གོ་ཐོས་མ་ཐུབ་པར་ལྷག་ཡོད།དགེ་རྒན་རིན་ཆེན་སྐྱིད་ལགས་ནི། རང་ལོ་ ༤༠ ཡས་མས་ཡིན་ཞིང་། དེ་སྔོན་སེང་འབྲུག་སྟག་རྩེ་སློབ་གྲྭའི་འཛིན་རིམ་གསུམ་པའི་བོད་ཡིག་དགེ་རྒན་ཡིན་པ་དང་། ཁོང་མོའི་ཁྱིམ་དུ་ལོ་ན་ ༡༣ ཅན་ཀྱི་བུ་མོ་ཞིག་དང་ལོ་ ༧༩ ཡིན་པའི་ཨ་མ་དང་བཟའ་ཟླ་བཅས་ཁྱོན་བཟའ་མི་ ༥ ཡོད་འདུག
ཉེ་ལམ་ཕྱི་ཟླ་ ༥ ཚེས་ ༨ ཉིན་རྒྱ་ནག་གཞུང་གིས་སེང་འབྲུག་སྟག་རྩེ་སློབ་གྲྭ་སྒོ་བརྒྱག་དགོས་པའི་བཀའ་བཏང་ཡོད་པ་དང་། ཕྱི་ཟླ་ ༧ ཚེས་ ༨ ཉིན་སློབ་གྲྭ་གསར་འཛུགས་གནང་མཁན་མཁན་པོ་ཀུན་བཟང་རྒྱལ་མཚན་ལགས་ཀྱིས་གྱེས་ཁའི་ཚོགས་འདུ་ཞིག་བསྡུས་ཏེ་སེང་འབྲུག་སྟག་རྩེ་སློབ་གྲྭ་དངོས་སུ་སྒོ་བརྒྱབ་ཡོད། སེང་འབྲུག་སྟག་རྩེ་སློབ་གྲྭ་ཕྱི་ལོ་ ༡༩༩༨ ལོར་གསར་འཛུགས་གནང་ཞིང་། འདས་པའི་བགྲང་བྱ་ ༢༣ རིང་མགོ་ལག་དར་ལག་རྫོང་ཁོངས་ཀྱི་བོད་ཕྲུག་མང་པོ་སྐྱེད་སྲིང་གིས་བོད་ཀྱི་སྐད་ཡིག་སློབ་གསོའི་ཐད་བྱས་རྗེས་མི་དམན་པ་བཞག་ཡོད། །