༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༣༠ ཉིན་སུད་སིའི་སྐུ་ཚབ་དོན་གཅོད་ཁང་གིས་ཉིན་གཅིག་རིང་སུད་སི་བོད་མིའི་དབྱར་ཁའི་འཛིན་གྲྭར་མཉམ་ཞུགས་གནང་མཁན་སློབ་ཕྲུག་རྣམས་ལ་བོད་དང་བོད་མིའི་སྒྲིག་འཛུགས་སྐོར་ཟབ་སྦྱོང་གནང་ཡོད།
དེ་ཡང་སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་ཀྱིས་ཉིན་གཅིག་རིང་སུད་སིའི་བོད་རིགས་སློབ་ཕྲུག་རྣམས་ལ་བོད་ཀྱི་ལོ་རྒྱུས་དང་། ད་ལྟའི་བོད་ནང་གི་གནས་སྟངས། བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ཀྱི་སྐོར་ཟབ་སྦྱོང་གནང་ཡོད།སུད་སི་དང་ལེག་ཊེན་སི་ཊེན་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༢༧ ནས་ཟླ་ ༨ ཚེས་ ༢ ཉིན་བར་རི་པ་རྒྱལ་སྤྱིའི་ནང་པའི་ཆོས་ཚོགས་ (RIPA International Buddhist Center) སུ་སུད་སིའི་བོད་རིགས་སློབ་ཕྲུག་གྲངས་ ༥༥ ཙམ་ལ་དབྱར་ཁའི་འཛིན་གྲྭ་ཚོགས་གནང་ཡོད་པ་དང་། སྐབས་དེར་སློབ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་དང་། རྒྱལ་རབས་ལོ་རྒྱུས། ནང་པའི་ལྟ་གྲུབ་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད།
སུད་སིའི་གཟའ་མཇུག་སློབ་གྲྭའི་འགན་འཛིན་ཚེ་དབང་མུན་སེལ་ལགས་ཀྱིས་གསུང་དོན། སུད་སིའི་བོད་རིགས་སློབ་ཕྲུག་རྣམས་ལ་དབྱར་ཁའི་འཛིན་གྲྭ་ཚོགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བོད་པའི་མི་རབས་གསར་པ་རྣམས་ལ་བོད་ཀྱི་རིག་གཞུང་དང་། སྐད་ཡིག རྒྱལ་རབས་ལོ་རྒྱུས་སོགས་ཀྱི་ཤེས་ཡོན་སྤྲོད་རྒྱུ་དང་། ལྷག་པར་སུད་སིར་ཡོད་པའི་བོད་པའི་སློབ་ཕྲུག་རྣམས་ལ་བོད་སྐད་རྒྱག་སའི་ཁོར་ཡུག་སྐྲུན་རྒྱུ་དེ་ཡིན། ཞེས་གསུངས།སུད་སི་དང་ལེག་ཊེན་སི་ཊེན་བོད་རིགས་སྤྱི་མཐུན་ཚོགས་པས་ད་བར་སུད་སིའི་བོད་པའི་སློབ་ཕྲུག་རྣམས་ལ་དབྱར་ཁའི་འཛིན་གྲྭ་ཐེངས་གཉིས་གོ་སྒྲིག་གནང་ཡོད་པ་དང་། དབྱར་ཁའི་འཛིན་གྲྭ་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༡༩ ལོར་ཚོགས་ཡོད། ད་ལྟའི་ཆར་སུད་སི་དང་ལེག་ཊེན་སི་ཊེན་ཁུལ་དུ་བོད་པའི་གཟའ་མཇུག་སློབ་གྲྭ་གྲངས་ ༢༠ ཙམ་ཡོད་པ་བཅས།།