༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༨ ཉིན་སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཚོགས་ཆུང་སུད་སིའི་གྷི་ལ་རུ་སི་མངའ་སྡེའི་ (Canton of Glarus) ནང་རྟེན་གཞི་བྱས་པའི་ཨན་ནཱ་གྷོལ་ཌི་འགྲེམས་སྟོན་ཁང་ (Anna Göldi Museum) དུ་བོད་དོན་དང་འབྲེལ་བའི་པར་རིས་འགྲེམས་སྟོན་ལ་གཟིགས་སྐོར་དུ་ཕེབས་ཡོད།
འགྲེམས་སྟོན་དེ་ནི་སུད་སིའི་པར་པ་གྲགས་ཅན་མ་ནུལ་བྷོ་ཨར་ (Manuel Bauer) ལགས་དང་སུད་སིར་རྟེན་གཞི་བྱས་པའི་ཤྲི་ལངྐའི་པར་པ་སཱ་སི་སུ་བྷར་མ་ནི་ཡམ་ (Sasi Subramaniam) ལགས་རྣམ་གཉིས་ཀྱིས་བོད་མི་ཚོ་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་རྗེས་སྐུ་ལས་ཇི་ལྟར་བསྐྱོན་པ་དང་། དེ་བཞིན་བོད་པའི་བུ་མོ་ལོ་ན་དྲུག་ལ་སོན་པ་ཞིག་བོད་ནས་ཧ་ཅང་དཀའ་ཁག་ཆེན་པོའི་སྒོ་ནས་བྲོས་བྱོལ་དུ་འབྱོར་བའི་སྐོར་གྱི་པར་རིས་འགྲེམས་སྟོན་ཞིག་ཡིན།ཐེངས་འདིའི་པར་རིས་འགྲེམས་སྟོན་མཛད་སྒོར་སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ (Prisca Birrer Heimo) མཆོག་དང་། སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྕམ་སྐུ་རེ་གུ་ལ་ (Regula Rytz) མཆོག སྐུ་ཞབས་མ་ཡི་ཀེལ་ཇོར་ཌི་ (Michael Jordi) མཆོག སྐུ་ཞབས་ཨིར་ཝིན་བྷི་རེར་(Erwin Birrer) མཆོག གྲོས་ཚོགས་འཐུས་མི་མཱ་ཐི་ཡ་སི་ཛོབ་ཕི་ (Mathias Zopfi ) མཆོག་བཅས་ཕེབས་ཡོད།
གཞན་ཡང་སུད་སིའི་དོན་གཅོད་ཁང་གི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་དང་། སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཐོ་མ་སི་ (Thomas Büchli) ལགས་དང་ཚོགས་གཞོན་ལྷ་དབང་ལགས། སུད་སིའི་བུད་མེད་ཚོགས་པའི་ཚོགས་གཙོ་ཚེ་རིང་གཡུ་སྒྲོན་ལགས། ཡུ་རོབ་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ལགས། གྷི་ལ་རུ་སིའི་བོད་རིགས་ཚོགས་པའི་སྐུ་ཚབ་སོགས་མཉམ་ཞུགས་གནང་ཡོད།དེ་ཡང་ཨན་ནཱ་གྷོལ་ཌི་འགྲེམས་སྟོན་ཁང་གི་འགན་འཛིན་ཕི་རི་ཌོ་ལིན་ཨེལ་མར་ (Fridolin Elmer) ལགས་ཀྱིས་སྐུ་ཚབ་རྣམས་ཕེབས་བསུ་ཞུས་པ་དང་སྦྲགས་པར་རིས་འགྲེམས་སྟོན་ཞུ་དགོས་པའི་དམིགས་ཡུལ་གཙོ་བོ་ནི་བོད་མིའི་འཐབ་རྩོད་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཡིན་པའི་སྐོར་གསུངས། སུད་སིའི་དོན་གཅོད་ཁང་གི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་ཀྱིས་ཨན་ནཱ་གྷོལ་ཌི་འགྲེམས་སྟོན་ཁང་གིས་བོད་དོན་སྐོར་གྱི་པར་རིས་འགྲེམས་སྟོན་གནང་བར་ཐུགས་རྗེ་ཞུས་པ་དང་འབྲེལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིར་རྒྱབ་སྐྱོར་གནང་བ་ནི་འགྲོ་བ་མིའི་ཐོབ་ཐང་དང་། དྲང་བདེན། རང་དབང་བཅས་ལ་རྒྱབ་སྐྱོར་གནང་བ་མཚོན་གྱི་ཡོད། ཅེས་བཀའ་སློབ་སྩལ་བ་དེ་ལུང་འདྲེན་ཞུས་ཡོད།གཞན་ཡང་ཁོང་གིས་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྱུར་བཞིན་པའི་སྐོར་དང་། རྒྱ་ནག་དམར་ཤོག་གཞུང་གིས་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་བོད་ནང་གི་གནས་སྟངས་འཁྱོག་བཤད་ཀྱི་དྲིལ་བསྒྲགས་ཤུགས་ཆེ་སྤེལ་འཇུག་གི་ཡོད་སྟབས། ད་ལྟའི་ཆར་སྔར་ལས་ལྷག་བོད་ཀྱི་ལོ་རྒྱུས་ངོ་མ་རྒྱལ་སྤྱིའི་སྟེང་བཤད་དགོས་པ་གལ་ཆེན་པོ་ཆགས་ཡོད། ཅེས་གསུངས། ཕྱོགས་མཚུངས་སྐལ་ལྡན་མཚོ་མོ་ལགས་ཀྱིས་སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་པའི་ངོས་ནས་བོད་དོན་སླད་ད་བར་སྐུ་ལས་བསྐྱོན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་མ་འོངས་པར་ཁོང་རྣམ་པས་མུ་མཐུད་བོད་དོན་ཆེད་དུ་རྒྱབ་སྐྱོར་གནང་དགོས་པའི་རེ་སྐུལ་ཞུས་གནང་ཡོད།
སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཐོ་མ་སི་ (Thomas Büchli) ལགས་དང་གྷི་ལ་རུ་སིའི་བོད་རིགས་ཚོགས་པའི་སྐུ་ཚབ་བཅས་ནས་ཨན་ནཱ་གྷོལ་ཌི་འགྲེམས་སྟོན་ཁང་གིས་བོད་དོན་སྐོར་པར་རིས་འགྲེམས་སྟོན་གནང་བར་ཐུགས་རྗེ་ཆེ་ཞེས་དང་། སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཚོགས་ཆུང་པར་རིས་འགྲེམས་སྟོན་སླད་གཟིགས་སྐོར་དུ་ཕེབས་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་བཅས།།