༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་དྲ་ལམ་བརྒྱུད་ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡༦ ནས་ ༡༩ བར་སློབ་གྲྭའི་དགེ་ཆེ་རྣམས་ལ་ཕྱི་ལོ་ ༢༠༡༢ ལོར་རྒྱ་གར་གྱིས་གཏན་འབེབས་གནང་བའི་བྱིས་པར་བཙན་ཐབས་འཁྲིག་སྤྱོད་ཀྱི་ཁྲིམས་འགལ་ལས་སྲུང་སྐྱོབ་ཀྱི་ཁྲིམས་དང་། ལང་ཚོ་སྨིན་པའི་གཞོན་ནུའི་བདེ་ཐང་། མདུན་ལམ་ལམ་སྟོན་རྩ་འཛིན་ཡིག་ཆ་བཅས་ཀྱི་སྐོར་ཟབ་སྦྱོང་གོ་སྒྲིག་གནང་ཡོད།
ཟབ་སྦྱོང་འདིའི་དགོས་དམིགས་གཙོ་བོ་ནི། ཕྱི་ལོ་ ༢༠༡༢ ལོར་རྒྱ་གར་གྱིས་གཏན་འབེབས་གནང་བའི་བྱིས་པར་བཙན་ཐབས་འཁྲིག་སྤྱོད་ཀྱི་ཁྲིམས་འགལ་ལས་སྲུང་སྐྱོབ་ཀྱི་ཁྲིམས་ (The Protection of Children from Sexual Offences (POCSO) Act, 2012) དང་། བྱིས་པ་རྣམས་ལ་སློབ་སྦྱོང་བྱེད་སའི་བདེ་འཇགས་ཀྱི་ཁོར་ཡུག་སྐྲུན་ཐབས་ཀྱི་གལ་གནད། དེ་བཞིན་སློབ་ཕྲུག་གི་ལུས་སེམས་ཀྱི་འཕྲོད་བསྟེན་དང་ཤེས་ཡོན་གོང་འཕེལ་དུ་འགྲོ་བར་སློབ་གྲྭའི་དགེ་ལས་རྣམས་ཀྱིས་གཙོས་སློབ་ཕྲུག་གི་ཕ་མ་ཡོངས་ནས་སྒྲུབ་དགོས་པའི་ལས་འགན་བཅས་ཀྱི་སྐོར་གོ་རྟོགས་སྤེལ་རྒྱུ་དེ་ཡིན།
ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་རྗེས་ཐེངས་འདིའི་ཟབ་སྦྱོང་གི་དགོས་དམིགས་དང་གསུང་བཤད་གནང་མཁན་རྣམས་ངོ་སྤྲོད་གནང་ཡོད། ཐེངས་འདིའི་ཟབ་སྦྱོང་ཐོག་གསུང་བཤད་གནང་མཁན་གཙོ་བོ་ཁག་ནི། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་མུལ་ཅནྟ་སྨན་ཁང་ (Moolchand Hospital) གི་སེམས་ནད་རིག་པ་ཚན་པའི་སྨན་པ་ཇི་ཏེན་ཌར་ནཱག་པལ་ (Dr. Jitendra Nagpal) ལགས་དང་། སེམས་ཁམས་རིག་པ་བ་རྒན་གྲས་རེ་ཁ་ཅོ་ཧན་ (Rekha Chauhan) ལགས། བཞུགས་སྒར་རྡ་སར་གཏན་སྡོད་ཁྲིམས་རྩོད་པ་ཝི་ནཱ་ཡཱག་ནཱ་རཱ་ཡཱན་ (Mr. Vinayak Narayan) ལགས་བཅས་ཡིན།
དེ་ཡང་སྨན་པ་ཇི་ཏེན་ཌར་ནཱག་པལ་ལགས་ཀྱིས་སློབ་ཕྲུག་གི་ལུས་སེམས་ཀྱི་འཕྲོད་བསྟེན་དང་ཤེས་ཡོན་གྱི་གལ་གནད་སོགས་ཀྱི་སྐོར་གསུངས་ཡོད། སེམས་ཁམས་རིག་པ་བ་རྒན་གྲས་རེ་ཁ་ཅོ་ཧན་ལགས་ཀྱིས་ཉིན་གྲངས་བཞིའི་ཟབ་སྦྱོང་སྐབས་བྱིས་པའི་ཐོབ་ཐང་དང་། རྒྱ་གར་གྱི་བྱིས་པ་སྲུང་སྐྱོབ་ཀྱི་ཁྲིམས་སོགས་ཀྱི་སྐོར་གསུང་བཤད་གནང་རྒྱུ་ཡིན་པ་དང་། ཁྲིམས་རྩོད་པ་ཝི་ནཱ་ཡཱག་ནཱ་རཱ་ཡཱན་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ལོར་རྒྱ་གར་གྱིས་གཏན་འབེབས་གནང་བའི་བྱིས་པར་བཙན་ཐབས་འཁྲིག་སྤྱོད་ཀྱི་ཁྲིམས་འགལ་ལས་སྲུང་སྐྱོབ་ཀྱི་ཁྲིམས་སྐོར་གསུང་བཤད་གནང་གཏན་ཁེལ་ཡོད།
རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་གི་དགེ་ཆེ་ཁྱོན་བསྡོམས་གྲངས་ ༢༥ ཐེངས་འདིའི་ཟབ་སྦྱོང་ལ་མཉམ་ཞུགས་གནང་ཡོད། ཟབ་སྦྱོང་གི་འགྲོ་གྲོན་ཡོངས་རྫོགས་ཁེ་ན་ཌའི་རོགས་ཚོགས་ (Global Affairs Canada) ནས་མཐུན་འགྱུར་གནང་ཡོད་པ་བཅས།།