༄༅། །འདི་གར་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༦ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༠༠ ཙམ་ལ་ལྷོ་སྤྱི་དྲུང་འཕར་ཐུབ་བསྟན་ཚེ་རིང་ལགས་ཀྱིས་ཉེ་ཆར་གསར་དུ་བསྐོ་གཞག་བྱུང་བའི་ཀར་ཎ་ཀྲ་ཀའི་མངའ་སྡེ་བློན་ཆེན་ཤྲི་བྷས་ཝ་རཱཇ་སཽ་མཱ་པཱ་བྷོ་མི་ཡ་ (Shri Basvaraj Somappa Bommai) མཆོག་དང་མཇལ་འཕྲད་ཀྱིས་གང་ཉིད་མངའ་སྡེའི་བློན་ཆེན་དུ་བདམས་ཐོན་བསྐོ་གཞག་བྱུང་བར་བོད་མིའི་སྒྲིག་འཛུགས་དང་ལྷོ་གཞིས་བཙན་བྱོལ་བོད་མིའི་ངོ་ཚབ་ཞུས་ཏེ་སྒོ་གསུམ་གུས་པ་ཆེན་པོའི་དགའ་བསུ་དང་། ཐུགས་བཞེད་མཛད་འཕྲིན་འབད་མེད་ལྷུན་གྱིས་གྲུབ་སྟེ་ལས་ཡུན་ཡོངས་རྫོགས་དོན་དང་ལྡན་པ་ཞིག་ཡོང་རྒྱུའི་སྨོན་འདུན་གྲངས་མེད་ཡོད་ཅེས་སྙན་སེང་ཞུས་ཡོད།བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མངའ་སྡེའི་བློན་ཆེན་མཆོག་ལ་གནང་བའི་འཚམས་འདྲིའི་ཕྱག་བྲིས་དང་། མཇལ་རྟེན་སྟོན་པའི་སྐུ་བརྙན། ༸རྒྱལ་བའི་བཀའ་གསུང་ཁྱབ་གདལ་གྱི་ལས་འཆར་ངོ་བོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་དཔེ་ཁག་གཉིས་བཅས་འབུལ་ལམ་ཞུས། ཀར་ཎ་ཀྲ་ཀ་མངའ་སྡེ་ནི་རང་ཅག་བོད་མིའི་སྒྲིག་འཛུགས་དང་ལྷོ་ཕྱོགས་བཙན་བྱོལ་བོད་མི་རྣམས་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞིང་། བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་གནང་མཁན་རིས་སུ་མ་མཆིས་པའི་ཆོས་སྡེ་ཆེ་ཁག་དང་གཞིས་ཆགས་ཆེ་ཁག་ལྔ་ཡི་ཆགས་ཡུལ་སམ་བསྟི་གནས་ཀྱང་ཡིན། ད་ལྟའི་ཆར་ཀར་ཎ་ཀྲ་ཀ་མངའ་སྡེའི་ནང་བོད་མི་གྲངས་ཁྱོན་བསྡོམས་ལྔ་ཁྲི་ཙམ་གཏན་འཇགས་སུ་གནས་ཡོད། བོད་མི་དེ་དག་མངའ་སྡེ་གཞུང་གི་གཟིགས་སྐྱོང་འོག་འཚོ་མུས་སུ་ཡོད།
ཤྲི་བྷས་ཝ་རཱཇ་མཆོག་ནི་ཀར་ཎ་ཀྲ་ཀའི་མངའ་སྡེ་བློན་ཆེན་ཉེར་གསུམ་པ་དེ་ཡིན་ཞིང་། ཁོང་གི་ཡབ་དམ་པ་ཨེ་སི་ཨཱར་བྷོ་མི་ཡ་ (Shri S. R. Bommai) མཆོག་གིས་ཀྱང་དེ་སྔ་ཀར་ཎ་ཀྲ་ཀ་མངའ་མངའ་སྡེའི་བློན་ཆེན་གནང་མྱོང་ཡོད་པ་བཅས།།