༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༣༠ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་ (Core Group for Tibetan Cause) རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་གྲོང་ཁྱེར་གྷོ་ཧ་ཌི་ནང་སྔོན་འགྲོའི་ཚོགས་འདུ་ཞིག་གོ་སྒྲིག་ཞུས་གནང་ཡོད།
དེ་ཡང་རྒྱ་ནག་བཅིངས་བཀྲོལ་དམག་གིས་ཕྱི་ལོ་ ༡༩༦༢ ལོའི་ཕྱི་ཟླ་ ༡༠ ཚེས་ ༢༠ ཉིན་རྒྱ་དཀར་ནག་དབར་ཕྱི་ལོ་ ༡༩༥༤ ལོར་བསླབ་པ་ལྔའི་གྲོས་མཐུན་ནམ་ཧིན་སྐད་དུ་པན་ཅ་ཤཱིལ་ ( Panchsheel agreement) ཞེས་པ་བཞག་ཡོད་པ་དེ་རྩིས་མེད་སྣང་ཆུང་དུ་བཏང་སྟེ་རྒྱ་གར་ལ་དམག་འཁྲུག་བརྒྱབ་ཡོད།རྒྱ་ནག་བཅིངས་བཀྲོལ་དམག་གིས་རྒྱ་གར་ལ་དམག་འཁྲུག་བརྒྱབ་ནས་ལོ་ངོ་ ༥༩ འཁོར་བའི་དུས་དྲན་སྲུང་རྩིས་སླད་ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༣༠ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་ རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་གྲོང་ཁྱེར་གྷོ་ཧ་ཌི་ནང་སྔོན་འགྲོའི་ཚོགས་འདུ་ཞིག་གོ་སྒྲིག་ཞུས་གནང་ཡོད། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་ལས་རིམ་ཆེ་གྲས་ཤིག་གོ་སྒྲིག་ཞུ་གཏན་འཁེལ་ཡོད་པ་དང་། ལས་རིམ་དེ་བརྒྱུད་དང་ཐོག་རྒྱ་ནག་གཞུང་ལ་རྒྱ་གར་གྱིས་ནུས་ཤུགས་གང་ཡོད་ཀྱིས་རང་ཉིད་ཀྱི་མངའ་ཁོངས་སྲུང་སྐྱོབ་བྱ་རྒྱུ་ཡིན་པའི་བརྡ་ལན་ཞིག་དང་། བོད་ཀྱི་གནད་དོན་གསལ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་པོ་ཏཱ་ལའི་ནང་ཞབས་སོར་འཁོད་མ་ཐུབ་བར་དུ་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་གོང་འཕེལ་ཡོང་མི་ཐུབ་པའི་བརྡ་ལན་བཅས་བཏང་ཡོད།དེ་ཡང་སྔོན་འགྲོའི་ཚོགས་འདུའི་ཐོག་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་ (Shri R K Khrimey) ལགས་ཀྱིས་གཙོས་རྒྱལ་ཡོངས་དང་ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་རྣམས་དང་། ཨ་སམ་དང་ཨ་རུ་ན་ཅལ་ཁུལ་གྱི་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ། ཨ་སམ་སྤྱི་དམངས་ཚོགས་པའི་ཚོགས་མི། གསར་འགོད་པ། སློབ་དཔོན། སློབ་ཕྲུག དེ་བཞིན་ཏེ་ཛུ་དར་རྒྱས་གླིང་གི་ས་གནས་འཐུས་ཚོགས་དང་། བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན། མེའོ་ཆོས་འཕེལ་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་། འབུམ་སྡེ་ལ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་བཅས་མཉམ་ཞུགས་གནང་ཡོད།སྡོན་འགྲོའི་ཚོགས་འདུའི་ཐོག་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་ལགས་ཀྱིས་གསུང་དོན། རྒྱ་ནག་དྲག་པོ་དམག་གིས་རྒྱ་དཀར་ནག་དབར་ཕྱི་ལོ་ ༡༩༥༤ ལོར་བསླབ་པ་ལྔའི་གྲོས་མཐུན་ནམ་ཧིན་སྐད་དུ་པན་ཅ་ཤཱིལ་ (Panchsheel agreement) ཞེས་པ་བཞག་ཡོད་པ་དེ་རྩིས་མེད་བཏང་ཡོད། རྒྱ་ནག་གིས་རྒྱ་གར་གྱི་ཡིད་ཆེས་ལ་རྩིས་མེད་རྡོག་རོལ་བཏང་བར་ང་ཚོས་པེ་ཅིང་སྲིད་གཞུང་ལ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་གསུངས།
དེ་བཞིན་ཁོང་གིས་བོད་ནི་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ངོ་མ་དེ་ཡིན་པ་ལས་རྒྱ་ནག་མིན་སྐོར་དང་། བོད་ལ་རང་དབང་མགྱོགས་མྱུར་ཐོབ་རྒྱུ་ཡིན་སྐོར་དང་། རྒྱ་གར་གྱི་སྲིད་བློན་མོ་དི་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་དྲུག་ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་གནང་བ་དེས་བོད་མི་ས་ཡ་མང་པོར་རེ་བ་གསར་པ་ཞིག་བསྐྲུན་ཡོད་སྐོར་སོགས་གསུངས།དེ་རྗེས་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་སུ་རེནྡྲ་ཀུ་མཱར་ (Shri Surendra Kumar) ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་ངོ་བཅུ་ཕྲག་དུ་མའི་རིང་བོད་མི་རྣམས་ཀྱི་ཆེད་དུ་ལམ་སྟོན་དང་ཕྱག་ལས་རླབས་ཆེན་གནང་བར་ཐུགས་རྗེ་ཆེ་དང་། རྒྱ་ནག་དམར་ཤོག་གཞུང་གི་སྡུག་རྩུབ་འོག་དཀའ་སྡུག་མྱོོང་བཞིན་པའི་བོད་ནང་གི་བོད་མི་ཚོར་སྨོན་ལམ་ཡོད། ཅེས་གསུངས།
དེ་བཞིན་ཁོང་གིས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཞེས་བེད་སྤྱོད་བྱེད་རྒྱུའི་ཚབ་ཏུ་འཕགས་བོད་གཉིས་ཀྱི་ས་མཚམས་ཞེས་བེད་སྤྱོད་བྱེད་དགོས་པའི་སྐོར་དང་། རྒྱ་གར་བྱང་ཤར་ཁུལ་དུ་བོད་དོན་ལ་རྒྱབ་སྐྱོར་ཐོབ་ཐབས་སུ་འཆར་ཅན་བོད་དོན་དང་འབྲེལ་བའི་ལས་རིམ་གོ་སྒྲིག་ཞུས་ཏེ་བོད་དོན་སྐོར་གོ་རྟོགས་སྤེལ་དགོས་པ་སོགས་ཀྱི་སྐོར་གསུངས།ཨ་སམ་དང་མེ་གྷ་ལ་ཡ་མངའ་སྡེའི་ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་སོ་མ་ཡ་ཌིབ་དཱ་ཏཱ་ (Shri Soumyadeep Datta ) ལགས་ཀྱིས་གསུང་དོན། རྒྱ་ནག་གིས་བོད་མཐོ་སྒང་གི་འཐུང་ཆུའི་འབྱུང་ཁུངས་ཚུལ་མིན་དུ་བཀོལ་སྤྱོད་བྱེད་བཞིན་ཡོད་པ་དང་། ལྷག་པར་རྒྱ་ནག་གཞུང་གིས་བོད་ནས་འབབ་བཞིན་པའི་ཆུ་བོ་ཡར་ཀླུང་གཙང་པོའི་ཁ་ཕྱོགས་སྒྱུར་ཐབས་བྱེད་བཞིན་ཡོད་པ་སོགས་ཀྱི་སྐོར་གསུངས།
དེ་བཞིན་སྔོན་འགྲོའི་ཚོགས་འདུའི་ཐོག་ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་རྣམས་ནས་ཀྱང་གསུང་བཤད་གནང་ཡོད་པ་དང་། ཚོགས་མི་ཡོངས་ནས་ཧུར་བརྩོན་ཆེན་པོའི་སྒོ་ནས་ཚོགས་འདུར་མཉམ་ཞུགས་གནང་སྟེ་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཞུ་དགོས་པའི་བསམ་ཚུལ་བརྗེ་ལེན་གནང་ཡོད། ཐེངས་འདིའི་སྔོན་འགྲོའི་ཚོགས་འདུ་དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གིས་མཐུན་འགྱུར་གནང་ཡོད། ཚོགས་འདུར་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་དང་། ལས་འཆར་ཚན་པའི་ལས་བྱེད་ཆོས་ཉིད་ཚེ་རིང་ལགས་རྣམ་གཉིས་མཉམ་ཞུགས་གནང་ཡོད་པ་བཅས།།