༄༅། །རྒྱ་གར་གྱི་གཞི་རིམ་མང་ཚོགས་ཁྲོད་ནས་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་ཐོབ་ཐབས་སུ་ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༢༠ ཉིན་འཕགས་བོད་འབྲེལ་མཐུད་ལས་ཁང་དང་ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་ལས་ཁུངས་གཉིས་ཀྱི་གོ་སྒྲིག་འོག་བསམ་ཡས་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ་ལྡི་ལི་ཁུལ་གྱི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ (Indo-Tibet Friendship Society) ཚོགས་མི་རྒན་གྲས་དང་བོད་དོན་སླད་རྒྱབ་སྐྱོར་ཡུན་རིང་ཤོས་གནང་མཁན་གྲས་སྐུ་ཞབས་ཤཡམ་གྷམ་སྦིར་ (Sh. Shyam Gambhir) ལགས་ལ་ཆེ་བསྟོད་ཀྱི་མཛད་སྒོ་ཞིག་ཚོགས་ཡོད།དེ་ཡང་ཆེ་བསྟོད་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་མ་ལྡི་ལི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ཐེངས་འདིའི་ཚོགས་འདུའི་དགོས་དམིགས་སྐོར་ངོ་སྤྲོད་གསུང་བཤད་གནང་བ་དང་འབྲེལ་མི་སྒེར་པ་རྣམས་ནས་བློས་བཏང་གིས་བོད་དོན་སླད་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད། སྐུ་ཞབས་ཤཡམ་གྷམ་སྦིར་ལགས་དང་ཁོང་གི་བཟའ་ཟླ་ལྕམ་སྐུ་རེ་ནུ་གྷམ་སྦིར་ (Smt. Renu Gambhir) ལགས་རྣམ་གཉིས་ལྡི་ལི་ཁུལ་གྱི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྒན་གྲས་ཡིན་པ་མ་ཟད། བོད་དོན་སླད་རྒྱབ་སྐྱོར་ཡུན་རིང་ཤོས་གནང་མཁན་གྲས་ཡིན། ད་ལྟའི་ཆར་སྐུ་ཞབས་ཤཡམ་གྷམ་སྦིར་ལགས་ཀྱི་བཟའ་ཟླ་ལྕམ་སྐུ་རེ་ནུ་གྷམ་སྦིར་ལགས་གཟུགས་གཞི་བདེ་མིན་རྐྱེན་གྱིས་སྨན་བཅོས་གནང་བཞིན་ཡོད།ཚོགས་འདུའི་ཐོག་སྐུ་ཞབས་ཤཡམ་གྷམ་སྦིར་ལགས་ཀྱིས་བོད་ལ་རང་དབང་མ་ཐོབ་བར་དུ་བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་མེ་ལྕེ་གསོན་པོར་གནས་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པའི་སྐོར་དང་། རྒྱ་གར་བ་དང་བོད་མིའི་དབར་འབྲེལ་བ་ཤུགས་ཆེ་རུ་གཏོང་དགོས་པ། རྒྱ་གར་གྱིས་སྔར་ལས་ལྷག་བོད་དོན་སླད་རྒྱབ་སྐྱོར་གནང་དགོས་པ་གལ་ཆེན་པོ་ཆགས་ཡོད་པ་སོགས་ཀྱི་སྐོར་གསུངས།
ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་ལས་ཁུངས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ལྡི་ལི་བསམ་ཡས་གླིང་དང་བྷུཏ་བྷི་ཧར་ཁུལ་གྱི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཞབས་ཤཡམ་གྷམ་སྦིར་ལགས་དང་ཁོང་གི་བཟའ་ཟླ་ལྕམ་སྐུ་རེ་ནུ་གྷམ་སྦིར་ལགས་ཀྱིས་སྐུ་ཚེ་ཧྲིལ་པོར་བོད་མིའི་འཐབ་རྩོད་ཆེད་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཆེ་བསྟོད་སླད་སྒྲོལ་མའི་སྐུ་ཐང་ཞིག་ཕུལ་ཡོད།ཆེ་བསྟོད་ཀྱི་དབུ་འབྱེད་མཛད་སྒོར་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་དང་། ལྡི་ལི་བསམ་ཡས་གླིང་གི་ས་གནས་འགོ་འཛིན་ཕུན་ཚོགས་སྟོབས་རྒྱལ་ལགས། དེ་བཞིན་ལྡི་ལི་བསམ་ཡས་གླིང་དང་བྷུཏ་བྷི་ཧར་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་གྲངས་བཅུ་བདུན་གྱི་སྐུ་ཚབ་མཉམ་ཞུགས་གནང་ཡོད་པ་བཅས།།
རྒྱ་གར་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཤཡམ་གྷམ་སྦིར་ལགས་ལ་ཆེ་བསྟོད་ཀྱི་ཚོགས་འདུ་ཚོགས་པ།
གསར་གནས།
འབྲེལ་གནས།