༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡༡ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མའི་རྒྱལ་ཡོངས་འབྲེལ་མཐུད་པ་སྐུ་ཞབས་ཨར་ཝིནྟ་ནི་ཀོ་སི་ (Sh. Arvind Nikose) ལགས་དང་། ས་གནས་འབྲེལ་མཐུད་པ་སྐུ་ཞབས་སན་དེ་ཤི་མེཤ་རཱམ་ (Sh. Sandesh Meshram) ལགས་རྣམ་གཉིས་ཀྱིས་སྣེ་ཁྲིད་དེ་རྒྱ་གར་མཧ་རཱཤཀྲ་ (Maharashtra) མངའ་སྡེའི་གྲོང་ཁྱེར་ནཱག་པུར་ (Nagpur) ནང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་བསྐོང་ཚོགས་ཀྱིས་ཚོགས་འདུ་ཞིག་ཚོགས་གནང་ཡོད།
དེ་ཡང་ཚོགས་འདུའི་ཐོག་སྐུ་ཞབས་ཨར་ཝིནྟ་ནི་ཀོ་སི་ལགས་གཟུགས་གཞི་བདེ་མིན་གྱི་རྐྱེན་པས་ཚོགས་འདུར་མཉམ་ཞུགས་གནང་ཐུབ་མེད་པ་དང་། དེ་མིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་འཐུས་མི་རྒན་བགྲས་རྣམས་དང་། འཕགས་བོད་མཛའ་འབྲེལ་ཚོགས་པའི་བུད་མེད་ཚོགས་མི་སོགས་ཚོགས་འདུར་མཉམ་ཞུགས་གནང་སྟེ་རྒྱ་ནག་གིས་རང་གི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་གནོད་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་ངོ་རྒོལ་གནང་ཡོད།ཚོགས་འདུའི་ཐོག་མར་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་དང་པོ་དང་གཉིས་པས་རྐྱེན་པས་འདས་གྲོངས་སུ་གྱུར་བའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་མྱ་ངན་གུས་འདུད་ཞུས་པ་དང་སྦྲགས། འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ད་ལན་གྱི་ཚོགས་འདུའི་དགོས་དམིགས་དང་། རྒྱ་ནག་གི་བྱ་སྤྱོད་ངན་པའི་སྐོར་ཛ་དྲག་གི་གོ་རྟོགས་སྤེལ་དགོས་པ་འགྲེལ་བརྗོད་གནང་ཡོད།
དེ་བཞིན་ཁོང་གིས་མི་སྒེར་དང་། གཞུང་འབྲེལ་མིན་པའི་ཚོགས་པ། དེ་བཞིན་གཞུང་གི་གནད་ཡོད་མི་སྣ་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༦ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་སོགས་ཀྱི་སྐོར་དང་རྒྱ་ནག་གཞུང་གི་དྲང་བདེན་མ་ཡིན་པའི་བྱ་སྤྱོད་ཁག་དང་། བོད་མིར་བདེན་པའི་མཐའ་གསལ་ཡོང་གི་ཡོད་པ་སོགས་ཀྱི་སྐོར་གསུངས།རྒྱ་གར་མཧ་རཱཤཀྲ་ (Maharashtra) མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་སྐུ་ཞབས་ཨམ་རུཏ་བྷན་སོཏ་ (Sh. Amrut Bansod) ལགས་ལ་འབོད་སྐུལ་ཞུས་པ་བཞིན་ཁོང་གིས་སྐུ་ཞབས་ཨར་ཝིནྟ་ནི་ཀོ་སི་ལགས་ཀྱི་ཚབ་ཞུས་ཏེ་ཚོགས་འདུ་གཙོ་སྐྱོང་གནང་ཡོད་པ་དང་། ཁོང་གིས་ཚོགས་འདུའི་ཐོག་ཚོགས་པའི་ལྟ་གྲུབ་ཀྱི་ཁྱད་པར་ཡོད་མིན་ལ་མ་ལྟོས་པར་ཚོགས་མི་ཚང་མས་མཉམ་རུབ་ཐོག་རྒྱ་ནག་གཞུང་གི་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་ལ་ངོ་རྒོལ་བྱེད་དགོས་སྐོར་དང་། སྲིད་བྱུས་ངན་པ་དེའི་འོག་བོད་མི་རྣམས་དམྱལ་བར་ལྷུང་བ་ལྟར་འཚོ་བཞིན་ཡོད་སྐོར་གསུངས།ཚོགས་འདུ་གྲུབ་རྗེས་གྲོང་ཁྱེར་ནག་པུར་ནང་རྟེན་གཞི་བྱས་པའི་ (Tilak Patrakar Bhavan) ཞེས་པའི་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། གསར་འགོད་གསལ་བསྒྲགས་ཐོག་སྐུ་ཞབས་ཨམ་རུཏ་བྷན་སོཏ་ལགས་དང་། སྐུ་ཞབས་སན་དེ་ཤི་མེཤ་རམ་ལགས། འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་བཅས་ཀྱིས་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་རྩ་གཏོར་གཏོང་བཞིན་པ་དང་། བོད་རིགས་རྒྱ་རིགས་ཅན་དུ་སྒྱུར་བཞིན་པ། ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་འཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བ། འཛུགས་སྐྲུན་ལས་གཞིའི་འོག་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་གཏོང་བཞིན་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ཐད་ཐེ་བྱུས་བྱེད་བཞིན་པ་སོགས་ཀྱི་སྐོར་གསུངས་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་དྲག་གནོན་བྱེད་བཞིན་པ་བཅས་ཀྱི་སྐོར་གསུངས། གཞན་ཡང་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཐབས་སྐོར་དང་། བོད་དང་རྒྱ་གར་གཉིས་ཀྱི་འབྲེལ་ལམ་ཐོག་གསུང་བཤད་གནང་ཡོད་པ་བཅས། །