༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༨ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (Bharat Tibbat Samvad Manch) ཚོགས་མི་གཙོ་གྲས་རྣམས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཏེ་ལངྒཱ་ནཱ་མངའ་སྡེའི་རྒྱལ་ས་ཧཻ་ད་རཱ་བཱད་ནང་ཡོད་པའི་བྷེ་གམ་པེཌ་ (Begumpet) ནང་རྟེན་གཞི་བྱས་པའི་ (Country Club) ཞེས་པའི་ཚོགས་ཁང་ནང་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཨཱནདྷྲ་པྲདེཤ་དང་། ཏེ་ལངྒཱ་ནཱ། ཀརནཱ་ཊཀ ཏ་མིལ་ནཱ་ཌཱུ། པུ་ཌུ་ཅེ་རཱི། ཀེ་རལ་བཅས་ཀྱི་ས་གནས་འབྲེལ་མཐུད་པ་དང་། ས་གནས་རྒྱབ་སྐྱོར་བ་བཅས་ཚོགས་འདུར་མཉམ་ཞུགས་གནང་ཡོད།
དེ་ཡང་ཐེངས་འདིར་ཚོགས་འདུ་བསྐོང་ཚོགས་གནང་སྟེ་རྒྱ་ནག་དམར་ཤོག་གཞུང་གིས་ཁྲིམས་འགལ་ངང་རྒྱ་གར་གྱི་ས་མཚམས་སུ་བཙན་འཛུལ་དང་། རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་དཀའ་རྙོག་བཟོ་བའི་རྒྱ་ནག་དམར་ཤོག་གི་སྲིད་བྱུས་ལ་ནུས་ཤུགས་གང་ཡོད་ཀྱིས་ངོ་རྒོལ་བྱེད་དགོས་སྐོར་ནན་སྐུལ་བྱེད་རྒྱུར་དམིགས་ཡོད།
ཚོགས་འདུའི་ཐོག་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་སྤྱིའི་འབྲེལ་མཐུད་པ་སྐུ་ཞབས་སཱ་ཏྱ་ནཱ་རཱ་ཡཱན་པིཏ་ཏཱ་ལཱ་ (Sh. Satyanarayana Pittala) ལགས་ཀྱིས་རྒྱ་ནག་ཕམ་ཉེས་གཏོང་དགོས་ན་རྒྱ་ནག་གི་ཐོན་རྫས་སོགས་ལ་མ་རྩ་མི་འཛུགས་པ་དང་། རྒྱ་ནག་གིས་སྦས་བསྐུངས་བྱས་པའི་ཐབས་བྱུས་གང་ཡིན་པ་ཁྱབ་གདལ་གཏོང་དགོས་སྐོར་སོགས་གསུངས།
དེ་བཞིན་སྐུ་མགྲོན་གཙོ་བོ་རྒྱ་གར་ལྷོ་ཕྱོགས་ཏེ་ལངྒཱ་ནཱ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རཱ་གྷུ་ནཱན་ཏན་རའོ་ (Sh. Raghunandhan Rao) ལགས་ཀྱིས་འགྲོ་བ་མིའི་རིགས་ཀྱི་རིན་ཐང་དང་། མཉམ་གནས་སོགས་ལ་བསམ་གཞིག་གང་ཡང་མ་བྱས་པར་རང་ཉིད་ཀྱི་ཁེ་ཕན་གཅིག་པུར་ལྟ་མཁན་རྒྱ་ནག་གི་སྲིད་བྱུས་ལ་ཚང་མས་མཉམ་རུབ་ཐོག་ངོ་རྒོལ་རྒྱ་སྐྱེད་གཏོང་དགོས་སྐོར་དང་། རྒྱ་ནག་གིས་བོད་དང་། ཧོང་ཀོང་། ཐེ་ཝན་སོགས་ཀྱི་ནང་གང་ཞིག་བྱས་ཡོད་མེད་རྒྱ་གར་ལྷོ་ཕྱོགས་ཀྱི་ས་ཁུལ་ཡོངས་སུ་གནས་ཚུལ་བདེན་པ་གསལ་འདོན་བྱེད་དགོས་སྐོར་སོགས་གསུངས།
གཞན་ཡང་པཱ་རི་པུར་ནཱཏ་སྭ་མི་ (Sant Paripoornand Swami) ལགས་ཀྱིས་རང་ཉིད་དེ་སྔ་གནས་ཆེན་གངས་རིན་པོ་ཆེར་ཕེབས་པའི་མྱོང་ཚོར་དང་། ཐབས་སྡུག་པ་ཞིག་ལ་ད་ཆ་གནས་ཆེན་གངས་རིན་པོ་ཆེར་རྒྱ་ནག་གིས་སྟངས་འཛིན་བྱེད་ཀྱི་ཡོད་སྐོར་དང་། དེ་བཞིན་རྒྱ་གར་གྱིས་བོད་རང་དབང་སླར་གསོ་བྱེད་ཐུབ་པ་དང་། གནས་ཆེན་གངས་རིན་པོ་ཆེར་གནས་སྐོར་ཕེབས་རྒྱུ་ཡོང་བའི་ཁས་ལེན་གནང་བ་དང་། དེ་ལྟར་ཡོང་བར་ཚོགས་འདུའི་ནང་མཉམ་ཞུགས་པ་ཚང་མས་བདེན་པའི་མེ་ལྕེ་དེ་མུ་མཐུད་འཁྱེར་དགོས་སྐོར་སོགས་གསུངས།
ཐེངས་འདིའི་ཚོགས་འདུ་ཐོག་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་དྲུག་གི་ས་གནས་འབྲེལ་མཐུད་པ་སོགས་ཁྱོན་མི་གྲངས་ཉིས་བརྒྱ་ལྷག་ཚོགས་འདུར་མཉམ་ཞུགས་གནང་ཡོད་པ་བཅས། །