༄༅། །བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་དེ་ཉིད་ཕྱི་ལོ་ ༡༩༩༨ ལོར་གསར་འཛུགས་བསྐྱངས་པ་ནས་བཟུང་། བཀའ་ཤག་སྐབས་རིམ་པས་མི་འགྲོ་སྣོན་འཇུག་གནང་སྟེ་ད་ཆ་ཚོགས་མི་གྲངས་ ༡༦ ཙམ་ཡོད་འདུག་ཅིང་། ད་ཡོད་ཚོགས་མི་མང་ཆེ་བ་ཕྱི་རྒྱལ་ལམ་ཕྱོགས་མཐར་བཞུགས་ཏེ། སྤྱི་སྒེར་གྱི་མཛད་ཁུར་ཅི་རིགས་བཞེས་བཞིན་པ་དང་། བཞུགས་སྒར་ཁུལ་གྱི་ཚོགས་མི་རྣམ་པས་ཀྱང་ལས་ཡུལ་དང་ལས་འགན་འདྲ་མིན་ཐོག་ཕྱག་ལས་གནང་དང་གནང་མུས་དེ་ཉིད་ལས་དོན་གྱི་ངོ་བོ་དང་མཐུན་པའི་བཅོས་སྒྲིག་དགོས་གལ་ལ་བརྟེན། ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡༣ ཉིན་ནས་བཟུང་ད་ཡོད་ཚོགས་ཆུང་ཕྱིར་བསྡུའི་ཐག་གཅོད་དང་སྦྲགས། འབྲེལ་ཡོད་མཐོ་རིམ་ལས་བྱེད་ཁག་ཅིག་ལ་འགན་བསྐུར་བགྱིས་པའི་ཐབས་ཇུས་འཆར་འགོད་ཚོགས་ཆུང་ཞིག་གཏན་འཇགས་སུ་བཙུགས་ཏེ། ཚོགས་ཆུང་ནས་རྣམ་ཀུན་སྲིད་སྐྱོང་ལ་བོད་དོན་དང་འབྲེལ་བའི་གནས་ཚུལ་དབྱེ་ཞིབ་སྙན་གསན་དང་། ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་ཇུས་འཆར་འགོད་ཞུས་ཏེ་འདོན་འབུལ་བྱེད་དུ་འཇུག་རྒྱུ་ཡིན་པ་བཅས་ཀྱི་བཀོད་ཁྱབ་ཏུ། བཀའ་ཤག་གིས་ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡༣ ལ།།
དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་གསུང་དོན། དཔལ་ལྡན་བཀའ་ཤག་ནས་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གསར་བཙུགས་གནང་བའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་བགྲེས་པ་དྲུང་ཆེའི་གནས་རིམ་ཅན་བཞི་བསྐོ་གཞག་གནང་ཡོད། བསྐོ་གཞག་གནང་སྟངས་དེ་ཡང་བོད་ནང་གི་གནས་སྟངས་དང་འབྲེལ་བའི་ཐོག་ནས་བདེ་སྲུང་ལས་ཁུངས་ནས་ཕྱག་ལས་གནང་བཞིན་ཡོད་སྟབས། བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་རིན་ཆེན་ལགས་ཚོགས་མི་ཞིག་ཆགས་ཡོད། དེ་ནས་ཕྱིའི་རྒྱལ་ཁབ་དང་འབྲེལ་ལམ་དང་། རྒྱ་ནག་དང་རྒྱལ་སྤྱིིའི་གནས་སྟངས་བཅས་ལ་ཕྱི་དྲིལ་ལས་ཁུངས་ནས་འགན་བཞེས་ཀྱི་ཡོད་པར་བརྟེན། ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཚོགས་མི་ཞིག་ཆགས་ཡོད། དེ་བཞིན་བོད་ནང་གི་གནས་སྟངས་དང་ཕྱིའི་འབྲེལ་ལམ་སོགས་ལ་ཉམས་ཞིབ་གནང་མཁན་ནི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ཆགས་ཀྱི་ཡོད་སྟབས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཚོགས་མིའི་ཁོངས་ཡོད། ཉེ་ཆར་བཀའ་དྲུང་ཡིག་ཚང་ནང་ཆབ་སྲིད་དྲུང་ཆེར་བསྐོ་གཞག་གནང་བ་བཀྲ་ཤིས་རྒྱ་མཚོ་ལགས་བཅས་ཡིན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོགས་ཆུང་གཙོ་སྐྱོང་གནང་གི་རེད། གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་སློབ་སྟོན་པར་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་། བཀའ་ཟུར་བསྟན་པ་ཚེ་རིང་མཆོག སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་བཅས་བསྐོ་གཞག་གནང་ཡོད།
དུས་རྒྱུན་དུ་ཕྱག་ལས་གནང་མཁན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གཉིས་ཡོད་པའི་ནང་ནས་བཀའ་དྲུང་ཡིག་ཚང་གི་དྲུང་འཕར་བློ་བཟང་ཆོས་གྲགས་ལགས་ཀྱི་འགན་བཞེས་པའི་ཐོག་ཕྱག་རོགས་ལས་བྱེད་ལྷ་མོ་ཚེ་རིང་ལགས་རེད། ཅེས་གསུངས། །