༄༅། །འདི་གར་སྦིར་བོད་ཚོགས་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡༢ རེས་གཟའ་ཕུར་བུ་ཉིན་སྦིར་བོད་ཚོགས་ས་གནས་འགོ་འཛིན་ཁྱབ་ཁོངས་འབྲི་རུ་བསམ་གྲུབ་བདེ་ཆེན་ཆོས་འཁོར་གླིང་གི་དགོན་བླ་ཨོསྟྲི་ལི་ཡཱ་བཅའ་བཞུགས་ངག་དབང་བློ་གྲོས་བསྟན་པ་རྒྱལ་མཚན་ནམ་གདུང་རྒྱུད་སྤྲུལ་སྐུ་རིན་པོ་ཆེ་སྐུ་ཕྲེང་ ༡༤ མཆོག་གིས་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་དང་པོ་དང་གཉིས་པ་བྱུང་བའི་དབང་གིས་དཀའ་ངལ་ཚབས་ཆེ་འཕྲད་མུས་ལྟར། ཧི་མཱ་ཅལ་མངའ་སྡེ་གཞུང་ནས་ཐེམ་སྤང་བཀའ་རྒྱ་སྔ་རྗེས་བསྡམས་པར་བརྟེན་རང་གཞན་ཚང་མར་གང་ཅིའི་ཐད་ནས་དཀའ་ངལ་འཕྲད་པར་བརྟེན། འབྲི་རུ་དགོན་གདུང་རྒྱུད་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་སྦིར་བོད་ཚོགས་ཁོངས་ཀྱི་ཁྱིམ་ཚང་དང་། ས་གནས་འཕྲོད་བསྟེན་སྨན་ཁང་། ཡན་ལག་སྨན་རྩིས་ཁང་། ས་གནས་འགོ་འཛིན་ལས་ཁུངས། དེ་བཞིན་སཾ་བྷོ་ཌ་ཉིན་སློབ་ཀྱི་དགེ་ལས་བཅས་ཁྱོན་ཁྱིམ་ཚང་གྲངས་ ༡༢༠ ལྷག་ལ་འབྲས་དང་གྲོ་ཞིབ་ཀི་ལོ་ ༡༠ རེ་དང་། ཟ་སྣུམ་དང་བྱེ་མ་ཀ་ར། ཚ། ལག་སྲིན་སེལ་བྱེད། ཁ་རས། ལུས་ཟུངས་སྟོབས་སྨན་བཅས་བགོ་འགྲེམས་ཀྱི་ལས་འགུལ་བཟང་པོ་ཞིག་སྤེལ་ཐུབ་པ་བྱུང་ཡོད། ས་གནས་ཏོག་དབྱིབས་གཉན་རིམས་ཚོགས་ཆུང་དང་། དང་བླངས་ཞབས་ཞུ་བ་རྣམས་ནས་ཅ་དངོས་འོར་འདྲེན་དང་བགོ་འགྲེམས་སོགས་ཀྱི་མཐུན་འགྱུར་ཞུ་སྒོ་ཁག་འཐུས་ཚང་གང་ལེགས་བྱུང་ཡོད། སྤྲུལ་སྐུ་རིན་པོ་ཆེ་མཆོག་ལ་ས་གནས་ཁྱབ་ཁོངས་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་བཅས། །
གསར་གནས།
འབྲེལ་གནས།