༄༅། །ཕྱི་ལོ་ ༡༩༥༩ ཙམ་ནས་བཟུང་ད་བར་བོད་མིའི་རང་དབང་འཐབ་རྩོད་ཆེད་དུ་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་མཁན་བོད་ཀྱི་རྒྱལ་གཅེས་པ་ཡོངས་ལ་རྗེས་དྲན་ཞུ་སླད་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་ཀྱི་བོད་མི་ཐུན་མོང་ནས་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་སུ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་རྡོ་རིང་གསར་བཞེངས་གནང་ཡོད།
རྗེས་དྲན་རྡོ་རིང་གསར་བཞེངས་འགྲོ་གྲོན་ཆེད་དུ་ས་གནས་དབུས་གཙང་ཆོལ་ཁ་ཚོགས་པ་ནས་ཧིན་སྒོར་ཆིག་འབུམ་ཐམ་པ་དང་། ས་གནས་བོད་ཀྱི་བུད་མེད་ཚོགས་པ་ནས་ཧིན་སྒོར་ཉིས་ཁྲི་ལྔ་སྟོང་ཐམ་པ། ས་གནས་བོད་ཀྱི་གཞོན་ནུ་ཚོགས་པ་ནས་ཧིན་སྒོར་ཆིག་ཁྲི་ལྔ་སྟོང་ཐམ་པ། དེ་བཞིན་ས་གནས་འགོ་འཛིན་ལས་ཁུངས་སོགས་ནས་ཞལ་འདེབས་ཕུལ་ཏེ་ཁྱོན་ཧིན་སྒོར་བཞི་འབུམ་ལྔ་ཁྲི་ཡིས་འགྲོ་གྲོན་བཏང་གནང་ཡོད།བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་རྡོ་རིང་དེ་ཉིད་ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༢༥ ཉིན་ཏེ་ལྷག་དཀར་ཉིན་མོ་དང་བསྟུན་མེའོ་རྫོང་གི་རྫོང་དཔོན་གཞོན་པ་སྐུ་ཞབས་སཱ་ནི་ཀེ་སིངྒ་(Shri. Sunny K Singh) ལགས་ཀྱིས་དབུ་འབྱེད་གནང་ཡོད། ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༥ ཉིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ས་གནས་སུ་ཕེབས་སྐབས་ས་གནས་འགོ་འཛིན་ལས་ཁུངས་ནས་སྤྱི་ཁྱབ་བློན་ཆེན་མཆོག་ལ་མེའོ་ཆོས་འཕེལ་གླིང་གི་ལས་གཞི་ཁག་གཅིག་གི་སྐོར་སྙན་སེང་ཞུས་པ་ལྟར་རྗེས་དྲན་རྡོ་རིང་དབུ་འབྱེད་མཛད་སྒོར་རྫོང་དཔོན་གཞོན་པ་སྐུ་ཞབས་སཱ་ནི་ཀེ་སིངྒ་ལགས་ཀྱིས་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་སྒར་ལམ་ཁ་བཟོ་བཅོས་དང་། གཞིས་སྒར་དང་པོ་དང་ལྔ་པར་གློག་སྒྱུར་ཡོ་ཆས་གསར་འཛུགས། རུམ་གདན་སྡེ་ཚན་ཉམས་གསོ་བཅས་ཀྱི་ལས་གཞི་སླད་མཐུན་འགྱུར་རོགས་རམ་གྱི་བཀའ་འཁྲོལ་གནང་ཡོད། འབྱུང་འགྱུར་ཉིན་ཤས་ནང་ལས་གཞི་ཁག་ལག་བསྟར་གནང་གཏན་འཁེལ་ཡོད།མེའོ་རྫོང་གི་རྫོང་དཔོན་གཞོན་པ་སྐུ་ཞབས་སཱ་ནི་ཀེ་སིངྒ་ལགས་ཀྱིས་ས་གནས་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་བཞིན་པར་བཀའ་དྲིན་མཚོན་ཆེད་དུ་མེའོ་ཆོས་འཕེལ་གླིང་ས་གནས་འགོ་འཛིན་བསྟན་འཛིན་མཆོག་ལྡན་ལགས་ཀྱིས་མེའོ་ཆོས་འཕེལ་གླིང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུའི་རུམ་གདན་ཞིག་སྐུ་ཞབས་སཱ་ནི་ཀེ་སིངྒ་ལགས་ལ་ཕུལ་ཡོད། །