༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༢༦ རེས་གཟའ་ཕུར་བུ་ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༧༤ དེ་སྤེལ་ཡོད་པ་དང་། གསལ་བསྒྲགས་གནང་མཁན་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་སྒྲོལ་དཀར་ལགས་དང་། སྨན་པ་བསྟན་འཛིན་ཆོས་ལྡན་ལགས་བཅས་ཡིན།
དེ་ཡང་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་སྒྲོལ་དཀར་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་སྙན་ཐོའི་སྐོར་གསུང་དོན། འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གྲངས་ ༡༥ དང་། བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གྲངས་ ༦ བཅས་ཁྱོན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གྲངས་ ༢༡ ནང་གི་བོད་མི་རང་ཁྱིམ་དུ་མི་གྲངས་ ༧༩༩ དང་། ཚོགས་སྡེ་ཁག་གི་མཐུན་འགྱུར་འོག་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༣༥༤ བཅས་ཁྱོན་བསྡོམས་བོད་མི་གྲངས་ ༡༡༥༣ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད།
ད་བར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་དབུས་བོད་ཀྱི་སྨན་རྩིས་ཁང་ནས་གསོ་རིག་ལུས་སེམས་ནུས་གསོའི་སྨན་ཁྱོན་བསྡོམས་མི་གྲངས་ ༤༤༣༤༦ ལ་རིན་མེད་བགོ་འགྲེམས་གནང་ཡོད། སེམས་ཁམས་འཕྲོད་བསྟེན་དང་འབྲེལ་འདས་པའི་བདུན་ཕྲག་འདིའི་ནང་མི་གྲངས་ ༥༦ ལ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་སློབ་གསོ་གནང་ཐུབ་པ་བྱུང་ཡོད།
ནད་ཡམས་ཁྱབ་བརྡལ་སྔོན་འགོག་སླད་བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་ས་གནས་གྲངས་ ༡༣ དང་བལ་ཡུལ་ནང་གི་ས་གནས་ ༣ བཅས་ཀྱི་བོད་མི་གྲངས་ ༡༣༡༥ ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད། དེ་བཞིན་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་པ་ནས་བཟུང་ད་བར་རྒྱ་གར་ནང་གི་བོད་མི་ལོ་ན་ ༡༨ ཡན་གྲངས་ ༢༡༤༣༡ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀར་བརྒྱབ་ཟིན་པ་དང་། མི་གྲངས་ ༢༨༣༧༩ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན། ཕྱོགས་མཚུངས་བལ་ཡུལ་ནང་གི་བོད་མི་གྲངས་ ༦༣༧ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན་པ་དང་མི་གྲངས་ ༣༠༨༧ ལ་སྔོན་འགོག་སྨན་ཁབ་ཆ་ཚང་ཐོབ་ཡོད།
ད་ལྟའི་ཆར་དབུས་ཛ་དྲག་ཚོགས་ཆུང་གི་ཚོགས་མི་ཁག་གཅིག་རྒྱ་གར་བྱང་ཤར་ཁུལ་དུ་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གསུམ་པ་སྔོན་འགོག་དང་འབྲེལ་བའི་གྲ་སྒྲིག་གནང་ཕྱོགས་སོགས་ཀྱི་སྐོར་རྟོག་ཞིབ་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་དང་གནང་བཞིན་པ་རེད། ཕྱོགས་མཚུངས་ཤེས་རིག་དྲུང་ཆེས་སྣེ་ཁྲིད་པའི་དབུས་ཛ་དྲག་ཚོགས་ཆུང་གི་ཚོགས་མི་ཁག་གཅིག་རྒྱ་གར་བྱང་ཕྱོགས་ཁུལ་གྱི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གཅིག་ལ་རྟོག་ཞིབ་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན།
འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༣༦ བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༢༦ དང་། བུད་མེད་གྲངས་ ༡༠ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ ༩༤ དང་ཆུང་ཤོས་དེ་བྱིས་པ་ལོ་ ༢ ཡིན། བློ་ཕམ་པའི་གནས་ཚུལ་ཞིག་ལ་བདུན་ཕྲག་འདིའི་ནང་ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་མི་གྲངས་ ༢ འདས་གྲོངས་སུ་གྱུར་ཡོད། ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིར་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༦༡༧༡ དང་། དྲག་སྐྱེད་བྱུང་བ་མི་གྲངས་ ༥༩༣༡། འདས་གྲོངས་སུ་གྱུར་བ་མི་གྲངས་ ༡༤༨། ད་ལྟ་ནད་མནར་གསོ་བཅོས་བྱེད་བཞིན་པ་མི་གྲངས་ ༩༡ ཡོད། ཅེས་སོགས་གསུངས།
མཐར་ཕྱི་ལུགས་སྨན་པ་བསྟན་འཛིན་ཆོས་ལྡན་ལགས་ཀྱིས་ལམ་སྟོན་གནང་དོན། ད་བར་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཕོག་པ་མི་གྲངས་དུང་ཕྱུར་གསུམ་ལྷག་བྱུང་འདུག་པ་དང་། མི་གྲངས་ ༤༣༦༣༦༥ ཙམ་འདས་གྲོངས་སུ་གྱུར་འདུག ད་བར་རྒྱ་གར་ནང་མི་གྲངས་དུང་ཕྱུར་དྲུག་ཙམ་གྱིས་སྔོན་འགོག་སྨན་ཁབ་བརྒྱབ་ཟིན། སྤྱིར་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་བཟང་དུ་འགྲོ་བཞིན་ཡོད་ནའང་སོ་སོའི་ངོས་ནས་ཐུགས་ཟབ་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་སོགས་ཀྱི་ལམ་སྟོན་གནང་སྟེ་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༧༤ དེ་མཇུག་སྒྲིལ་གནང་ཡོད། །