༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༩ ཉིན་སྐབས་ ༡༦ པའི་བཀའ་ཤག་གིས་རྒྱ་བལ་འབྲུག་གསུམ་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གཉིས་པས་རྐྱེན་པས་འཚོ་བའི་དཀའ་ངལ་ཧ་ཅང་འཕྲད་བཞིན་པའི་བཙན་བྱོལ་བོད་མི་དུད་ཚང་སྤྱི་དང་། ལྷག་པར་རྒན་འཁོགས་ཉམ་ཐག་དང་གཞོན་སྐྱེས་དབང་པོ་སྐྱོན་ཅན་རྣམས་ལ་ཛ་དྲག་གི་འཚོ་བའི་མཐུན་རྐྱེན་སྦྱོར་སྤྲོད་གནང་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་ལམ་སྟོན་གནང་བ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ནས་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བཙན་བྱོལ་བོད་མིའི་ས་གནས་འགོ་འཛིན་རྣམ་པར་འབྲེལ་ཡོད་ས་གནས་སུ་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གཉིས་པས་རྐྱེན་པས་འཚོ་བའི་དཀའ་ངལ་ཧ་ཅང་འཕྲད་བཞིན་པའི་བཙན་བྱོལ་བོད་མི་དུད་ཚང་རྣམས་ལ་རྟོག་ཞིབ་གནང་སྟེ་ཐོ་གཞུང་བསྡུ་རུབ་གནང་དགོས་པའི་ལམ་སྟོན་གནང་དོན་བཞིན་ས་གནས་འགོ་འཛིན་སོ་སོ་ནས་གཤམ་འཁོད་རྒྱ་གར་དང་། བལ་ཡུལ། འབྲུག་བཅས་ཀྱི་ནང་ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་འཚོ་བར་དཀའ་ངལ་འཕྲད་བཞིན་པའི་དུད་ཚང་ཁག་དང་། རྒན་འཁོགས་ཉམ་ཐག་དང་གཞོན་སྐྱེས་དབང་པོ་སྐྱོན་ཅན་རྣམས་ཀྱི་ཐོ་གཞུང་ཕུལ་ཡོད།དེ་ཡང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་མི་སྒེར་དང་ཚོགས་པ་སྐྱིད་སྡུག་ཁག་ལ་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་མ་དངུལ་སླད་དཔལ་འབྱོར་ཞལ་འདེབས་གནང་དགོས་པའི་རེ་སྐུལ་ཞུས་པ་བཞིན། ད་བར་ནང་སྲིད་ལས་ཁུངས་ནས་ཏོག་དབྱིབས་གཉན་རིམས་ཀྱི་མ་དངུལ་སླད་ཁྱོན་ཧིན་སྒོར་ས་ཡ་ ༢༩.༨ ལྷག་བསྡུ་རུབ་ཞུས་ཐུབ་པ་བྱུང་བ་གཤམ་གསལ། ནང་སྲིད་ལས་ཁུངས་ནས་རྒྱ་བལ་འབྲུག་གསུམ་གྱི་ས་གནས་འགོ་འཛིན་རྣམ་པ་བརྒྱུད་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་མཐུན་རྐྱེན་སྦྱོར་སྤྲོད་སླད་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༤༣ གྱི་བོད་མི་དུད་ཚང་རེར་ཧིན་སྒོར་ ༡༠༠༠༠ ཐམ་པ་རེ་གནང་བའི་ཁྲོད་ནས་བལ་ཡུལ་ཁུལ་དུ་དུད་ཚང་གྲངས་ ༧༨༧ དང་། འབྲུག་ཡུལ་ནང་དུད་ཚང་ ༣༠། རྒྱ་གར་ནང་དུད་ཚང་ ༡༥༣༩ བཅས་ཁྱོན་བསྡོམས་བཙན་བྱོལ་བོད་མི་དུད་ཚང་གྲངས་ ༢༣༣༦ ལ་ཐད་ཀར་ཛ་དྲག་ངལ་སེལ་རོགས་དངུལ་གནང་ཐུབ་པ་བྱུང་ཡོད།
དེ་བཞིན་རྒྱ་གར་ནང་ཡོད་པའི་ཉམ་ཐག་དུད་ཚང་གྲངས་ ༢༥༡ ལ་ཛ་དྲག་ངལ་སེལ་གྱི་རོགས་དངུལ་མགྱོགས་མྱུར་གནང་འཆར་ཡོད། དེ་བཞིན་ཉམ་ཐག་ཁ་པའི་ཁོངས་གཏོགས་སུ་ཡོད་པའི་དུད་ཚང་གྲངས་ ༣༤༨ ལ་ཧིན་སྒོར་ ༥༠༠༠ རེ་གནང་ཡོད་པ་དང་། ལྷག་མ་དུད་ཚང་གྲངས་ ༢༥༥ ལ་ཛ་དྲག་ངལ་སེལ་གྱི་རོགས་དངུལ་མགྱོགས་མྱུར་གནང་རྒྱུ་ཡིན་པ་བཅས།།