༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༣༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཝིར་བྷདྲཱ་སིངྒ་ (Shri Virbhadra Singh) མཆོག་ལ་མྱ་ངན་གུས་འདུད་ཀྱི་མཛད་སྒོར་ཕེབས་ཡོད།
དེ་ཡང་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཝིར་བྷདྲཱ་སིངྒ་མཆོག་ལ་མྱ་ངན་གུས་འདུད་ཀྱི་མཛད་སྒོར་གསུང་བཤད་གནང་བའི་ནང་འཁོད་དོན། ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཝིར་བྷདྲཱ་སིངྒ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པ་ནི་རྒྱ་གར་དང་། ལྷག་པར་ཧི་མཱ་ཅལ་མངའ་སྡེའི་མི་མང་ལ་གྱོང་གུད་ཧ་ཅང་ཆེན་པོ་ཕོག་ཡོད། སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཝིར་བྷདྲཱ་སིངྒ་མཆོག་གིས་ཐེངས་འགའ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཐུགས་འགན་བཞེས་ཏེ་སྐུ་ཚེ་ཕལ་ཆེ་བ་ཧི་མཱ་ཅལ་མངའ་སྡེའི་མི་མང་གི་ཆེད་དུ་བློས་བཏང་གནང་ཡོད།
དམ་པ་ཁོང་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བློ་ཐག་ཧ་ཅང་ཉེ་པོ་ཡོད། ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ཀུན་དང་གཅིག་མཚུངས་ལྟར་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཝིར་བྷདྲཱ་སིངྒ་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་ནང་ཡོད་པའི་བཙན་བྱོལ་བོད་མི་རྣམས་ལ་གཏོང་ཕོད་ཆེན་པོའི་སྒོ་ནས་གཟིགས་རྟོག་གང་ལེགས་གནང་ཡོད།ལོ་རྒྱུས་ཀྱི་ཐོག་ནས་སྐུ་ཞབས་ཝིར་བྷདྲཱ་སིངྒ་མཆོག་གི་འཁྲུངས་ཡུལ་དེ་སྔ་ཧི་མཱ་ཅལ་ཁུལ་གྱི་རྒྱལ་པོའི་འཛིན་སྐྱོང་མངའ་སྡེ་བྷུ་ཤཱར་ (Bushahr) དང་། དེའི་ཁྱིམ་མཚེས་བོད་ཀྱི་ནུབ་ཕྱོགས་ས་ཁུལ་ཁག་གི་དབར་འབྲེལ་བ་དམ་ཟབ་བྱུང་ཡོད། སྐུ་འཚོ་བཞུགས་རིང་དམ་པ་ཁོང་གིས་ཧི་མཱ་ཅལ་མངའ་སྡེའི་ནང་གནས་སྡོད་བཙན་བྱོལ་བོད་མི་རྣམས་ལ་སྣེ་ལེན་དང་། ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་གཟིགས་སྐྱོང་རྒྱ་ཆེ་གནང་ཡོད་པས། ང་ཚོས་དུས་རྟག་ཏུ་ཁོང་གི་བཀའ་དྲིན་དྲན་བཞིན་ཡོད།
སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཝིར་བྷདྲཱ་སིངྒ་མཆོག་གིས་རྒྱ་གར་རྒྱལ་ཁབ་སྤྱི་དང་། ལྷག་པར་ཧི་མཱ་ཅལ་མངའ་སྡེའི་མི་མང་ལ་ཞབས་འདེགས་རླབས་ཆེན་ཞུས་གནང་བར་ང་ཚོས་དམ་པ་ཁོང་ལ་ཧ་ཅང་བརྩི་བཀུར་དང་ཡིད་སྨོན་ཞུ་གི་ཡོད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པོ་དམ་པ་དེ་ཉིད་ཀྱི་སྐུ་ཟླ་ལྕམ་སྐུ་པྲ་ཏི་བྷ་སིངྒ་ (Shmt Pratibha Singh) མཆོག་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བའི་ནང་སྐུ་ཞབས་ཝིར་བྷདྲཱ་སིངྒ་མཆོག་གིས་གཞན་གྱི་ཆེད་དུ་བློས་བཏང་གིས་ཞབས་འདེགས་ཞུས་ཏེ་མི་ཚེ་དོན་དང་ལྡན་པ་བསྐྱལ་ཡོད། ཅེས་འཁོད་ཡོད། གོ་སྐབས་འདི་བརྒྱུད་ངས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཚབ་ཞུས་ཏེ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཝིར་བྷདྲཱ་སིངྒ་མཆོག་ལ་མྱ་ངན་གུས་འདུད་དང་། དམ་པ་དེ་ཉིད་ཀྱི་སྐུ་ཟླ་ལྕམ་སྐུ་པྲ་ཏི་བྷ་སིངྒ་མཆོག་གིས་དབུས་ནང་མི་བཅས་ལ་ཐུགས་གསོ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད་པ་བཅས།།