༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡༨ ནས་ ༢༠ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་དྲ་ལམ་བརྒྱུད་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་བསྐོང་ཚོགས་གནང་ཡོད།
དེ་ཡང་གོང་ཚེེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་དང་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས། དེ་བཞིན་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པར་གཏམ་བཤད་གནང་མཁན་མཁས་པ་ ༢༥ དང་གཙོ་སྐྱོང་བ་མཁས་པ་ ༨ བཅས་ཁྱོན་འབུམ་རམས་པ་བཅུ་གཅིག་དང་། འབུམ་རམས་པའི་སློབ་གཉེར་གནང་བཞིན་པ་བཅུ་གཅིག དེ་བཞིན་གཙུག་ལག་རབ་འབྱམས་པ་དང་ཁྱད་ལས་ཉམས་ཞིབ་པ་བཅུ་གཅིག་བཅས་ལྷན་འཛོམས་ཀྱིས་ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་གསུང་དོན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་དང་། བོད་ཀྱི་ན་གཞོན་ཚོགས་འདུ་ཐེངས་བདུན་པའི་ཐོག་ཕེབས་པའི་ཕྱི་ནང་གི་ཉམས་ཞིབ་པ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་ཚོགས་འདུ་འདི་བཞིན་བསྐོང་ཚོགས་གནང་དགོས་པའི་དམིགས་ཡུལ་གཙོ་བོ་ནི། སོ་སོའི་གནའ་རབས་ཀྱི་སྲོལ་རྒྱུན་རིག་གཞུང་དང་མི་རིགས་ཀྱི་འབྱུང་ཁུངས། ལོ་རྒྱུས་ཁག་ཤེས་པའི་ཐོག་ནས་ཞིབ་འཇུག་ཚད་ལྡན་གནང་སྟེ་རིག་གཞུང་དེ་དག་སྐྱེད་སྲིང་བྱེད་རྒྱུ་དེ་ཡིན། ལོ་ལྟར་ཚོགས་འདུ་འདི་ལྟ་བུ་འཚོགས་བཞིན་ཡོད་པ་ཙམ་མ་ཟད། ཡར་རྒྱས་ཀྱང་ཧ་ཅང་ཕྱིན་ཡོད།
ད་ལན་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་ཆགས་ཀྱི་ཡོད། ཚོགས་འདུའི་ཐོག་མཉམ་ཞུགས་གནང་མཁན་ཕལ་ཆེ་བ་འབུམ་རམས་པ་ཐོན་མཁན་དང་སློབ་གཉེར་གནང་མཁན་རེད་འདུག ད་ལྟའི་ཆར་བོད་མིའི་ན་གཞོན་ཁྲོད་འབུམ་རམས་པ་སློབ་སྦྱོང་ཐོན་མཁན་མང་པོ་ཞིག་ཡོད་པ་འདི་ནི་དགའ་འོས་པ་ཞིག་རེད། རྣམ་པ་ཚོ་བོད་མི་རིགས་ཀྱི་འཐབ་རྩོད་བྱེད་མཁན་ཞིག་ཡིན་པའི་ཆ་ནས་བོད་ཀྱི་ལོ་རྒྱུས་གནས་བབ་ཐོག་དོ་སྣང་གིས་ཞིབ་འཇུག་བྱས་ཏེ་མ་འོངས་པར་བོད་མིའི་ན་གཞོན་རྣམས་ལ་མི་རིགས་ཀྱི་ལོ་རྒྱུས་སོགས་གོ་རྟོགས་རྒྱ་ཆེ་སྤེལ་ཐུབ་པ་ཞིག་བྱེད་དགོས། ཞེས་སོགས་གསུངས།དེ་ནས་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་དོན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་ཆགས་ཀྱི་ཡོད། ཚོགས་འདུའི་ཐོག་མཉམ་ཞུགས་གནང་མཁན་ཁྲོད་ངོ་ཤེས་པ་ཨ་རི་ནས་ཡིན་པ་ངག་དབང་ཕུན་ཚོགས་ལགས་ཕེབས་འདུག ཕྲན་རང་ཉིད་སློབ་གྲྭར་བསྐྱོད་སྐབས་བོད་མིའི་ཁྲོད་འབུམ་རམས་པ་ཞེས་གོ་ཐོས་བྱུང་མྱོང་མེད། ཚོགས་འདུའི་ཐོག་མཉམ་ཞུགས་གནང་མཁན་འབུམ་རམས་པ་སློབ་སྦྱོང་ཐོན་མཁན་དང་གནང་མཁན་རེད་འདུག
གོང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་གསུངས་པ་ལྟར་ང་ཚོ་ནི་འཐབ་རྩོད་རྩོད་མཁན་གྱི་མི་རིགས་ཤིག་ཡིན་སྟབས། སོ་སོའི་སྲོལ་རྒྱུན་གྱི་རིག་གཞུང་དང་བོད་ཀྱི་ལོ་རྒྱུས་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བྱེ་བྲག་ཏུ་ཁྱོན་ཡོངས་ཀྱི་གནས་ཚུལ་ཤེས་དགོས། བཙན་བྱོལ་སྒྲིག་འཛུགས་སྐོར་ཤེས་པར་དང་ཐོག་བོད་ཀྱི་ལོ་རྒྱུས་ངེས་པར་དུ་ཤེས་དགོས། ད་ལྟའི་སྤྱི་ཚོགས་ཀྱི་དགོས་མཁོ་གཙོ་བོ་ནི་བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་དགོས་རྒྱུ་དེ་རེད། ད་ཆ་བོད་ནང་གི་གནས་ཚུལ་རྣམས་ཕྱི་ལ་སླེབ་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད། ས་ཁུལ་ཁག་གི་བོད་མི་རྣམས་འབྲེལ་བ་བྱས་ཏེ་གནོན་ཤུགས་སྤྲོད་བཞིན་ཡོད་པ་ང་ཚོས་ཤེས་ཀྱི་ཡོད།
སྐད་འཕྲིན་བཀག་པར་བརྟེན་ད་ཆ་བོད་ནང་འབྲེལ་བ་བྱེད་རྒྱུ་ཁག་པོ་ཆགས་ཡོད། དེ་སྔ་བོད་ནས་བོད་མི་གང་ཙམ་ཞིག་ཡོང་གི་ཡོད། ན་ནིང་ལོར་བོད་མི་ལྔ་དང་ད་ལོར་བོད་མི་བདུན་རྒྱ་གར་དུ་སླེབས་ཡོད། བོད་ནང་གི་གནས་ཚུལ་མཁོ་སྒྲུབ་སླད་སྤྱི་ཡོངས་ཀྱི་ཆ་ནས་ཁག་པོ་རེད། ཁག་པོ་རེད་བསམ་ནས་སྡོད་རྒྱུ་མེད།རྒྱ་ནག་གིས་གནས་ཚུལ་འཁྱོག་བཤད་བཤད་ཀྱི་ཡོད། ང་ཚོའི་ལོ་རྒྱུས་དང་འབྲེལ་བའི་དངོས་ཡོད་གནས་སྟངས་དང་མཐུན་པའི་འགྲེལ་བཤད་ཚད་ལྡན་ཞིག་བརྒྱབ་ཐུབ་པར་བོད་ཀྱི་ལོ་རྒྱུས་གནས་བབ་ཤེས་པའི་ཐོག་ནས་འཛམ་གླིང་ཕྱི་ལ་བོད་ནང་གི་ཁོར་ཡུག་སྐོར་དང་། འགྲོ་བ་མིའི་ཐོབ་ཐང་། ཆོས་ཕྱོགས་སོགས་ཀྱི་སྐོར་ལ་འགྲེལ་བཤད་རྒྱག་ཐུབ་དགོས། རྒྱལ་སྤྱིའི་ཁྲོད་ད་ཆ་ (Ph.D.) ཐོན་མཁན་མང་པོ་ཡོད། ང་ཚོའི་ངོས་ནས་བོད་ཐོག་དོ་སྣང་བྱེད་དགོས།
ང་ཚོ་མང་གཙོའི་ལམ་ལུགས་ཐོག་བསྐྱོད་བཞིན་ཡོད་སྟབས་ཁྲིམས་སྒྲིག་ཁག་ཤེས་དགོས། ཕྱོགས་མཚུངས་བོད་མི་ཞིག་ཡིན་པའི་ཆ་ནས་བཅའ་ཁྲིམས་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་སྔ་ལས་བྱེད་རྣམས་ལ་ཞུས་པ་ཡིན། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གཞོན་སྐྱེས་ཁྲོད་ཉམས་མྱོང་གི་དཀའ་ངལ་མ་གཏོགས་སློབ་སྦྱོང་ཚད་མཐོན་པོ་ཐོན་མཁན་ཧ་ཅང་མང་པོ་འདུག
བོད་ཀྱི་ལོ་རྒྱུས་གནས་བབ་ཐོག་རྒྱ་ནག་དང་བོད། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ནས་གང་བཤད་ཀྱི་ཡོད་པའི་སྐོར་དོ་སྣང་གནང་སྟེ་ཉམས་ཞིབ་གནང་ན་ཧ་ཅང་ཐུགས་ཕན་གསོ་ཐུབ། རྒྱ་ཆེ་ས་ནས་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་བསམ་བློ་བཏང་ན་ཡག་པོ་ཡོད། ཚོགས་འདུ་འདི་ཉིད་དོན་དང་ལྡན་པ་ཞིག་ཡོང་བར་རྣམ་པ་ཚོའི་ངོས་ནས་དོན་ཕན་ལྡན་པའི་ལག་བསྟར་གནང་དགོས། ཞེས་གསུངས།
མཐར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་གྲུབ་མཚམས་ཐེངས་འདིའི་བགྲོ་གླེང་གི་ལས་རིམ་དངོས་གཞི་འགོ་འཛུགས་གནང་ཡོད་པ་བཅས།།