༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡༠ རེས་གཟའ་མིག་དམར་ཉིན་བལ་ཡུལ་དོན་གཅོད་ཁང་གི་འབྲེལ་མཐུད་པ་ཟུར་པ་རྟ་མགྲིན་རྡོ་རྗེ་ལགས་དགུང་ལོ་ ༧༥ ཐོག་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ནས་གདུང་སེམས་མཉམ་སྐྱེ་གནང་ཡོད།
དེ་ཡང་རྟ་མགྲིན་རྡོ་རྗེ་ལགས་ནི། ཕྱི་ལོ་ ༡༩༤༦ ཟླ་ ༣ ཚེས་ ༣ ཉིན་ལྷ་སར་སྐྱེས་ཤིང་། བཙན་བྱོལ་དུ་འབྱོར་རྗེས་ས་གནས་རང་བདེན་ཚོགས་ཆུང་དང་། སྨར་ཁམས་སྐྱིད་སྡུག ས་གནས་འཐུས་ཚོགས་སོགས་ཀྱི་ནང་ཕྱག་ལས་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༠ ནས་ ༢༠༠༢ བར་བལ་ཡུལ་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ (HURON) འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་ལས་འགན་གནང་། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡ ནས་བལ་ཡུལ་དོན་གཅོད་ཁང་གི་འབྲེལ་མཐུད་པར་བསྐོ་གཞག་གནང་སྟེ་ཕྱི་ལོ ༢༠༡༧ བར་ལོ་ལྔའི་རིང་ཕྱག་ལས་ཧུར་ཐག་གནང་ཡོད་པ་བཅས། །