༄༅།།ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བོད་ཀྱི་འགྲེམས་སྟོན་ཁང་གིས་དྲ་ལམ་བརྒྱུད་རྒྱལ་ཁབ་དང་ངོ་བོ། རིག་གཞུང་མི་ཉམས་རྒྱུན་འཛིན་(Nationhood and Identity: Preserving Lost Heritage) ཞེས་པའི་བརྗོད་གཞི་དང་འབྲེལ་ནས་ཚོགས་འདུ་ཚོགས་ཡོད། སྐབས་དེར་དྲ་ལམ་བརྒྱུད་ཐུན་མོང་གི་འགྲུལ་བཞུད་འགྲེམས་སྟོན་དྲ་ཚིགས་ཀྱི་ཁོངས་སུ་བོད་ཡིག་ཐོག་འགྲེམས་སྟོན་དྲ་ཚིགས་ཤིག་དབུ་འབྱེད་གནང་ཡོད། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་འགྲེམས་སྟོན་དོ་དམ་པ་བསྟན་འཛིན་སྦྱིན་པ་ལགས་ཀྱི་གོ་སྒྲིག་དང་ཐུན་མོང་གི་འགྲུལ་བཞུད་འགྲེམས་སྟོན་དོ་དམ་པ་རཱ་དྷི་ཀ་ (Radhika Heittarchchi) ལགས་ཀྱིས་ལས་རིམ་གཙོ་སྐྱོང་གནང་ཡོད།
ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་དང་། བཱངྒ་ལ་དེཤའི་བཅིངས་གྲོལ་དམག་གི་འགྲེམས་སྟོན་ཁང་གི་ཉམས་ཞིབ་པ་ཨི་མི་རན་ཨ་ཛ་དི་ (Emraan Azad) ལགས། ཀམ་བོ་ཌི་ཡཱའི་ཞི་བདེ་སློབ་གཉེར་བསྟི་གནས་ཁང་གི་འབྲེལ་མཐུད་པ་ཀེབ་སཱ་རང་ (Kiev Sarang) ལགས་བཅས་ཀྱིས་གསུང་བཤད་གནང་ཡོད།
དེ་ཡང་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་བོད་ཡིག་ཐོག་འགྲེམས་སྟོན་དྲ་ཚིགས་དབུ་འབྱེད་གནང་བ་དང་འབྲེལ་བོད་ཀྱི་ལོ་རྒྱུས་དང་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་གསུངས་ཡོད། གཞན་ཡང་ཁོང་གིས་རྒྱ་ནག་དམར་ཤོག་གཞུང་གིས་བོད་ཡུལ་རྒྱ་ཡུལ་ཅན་དུ་སྒྱུར་བཞིན་པ་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ། ད་བར་བོད་མི་གྲངས་ ༡༥༥ ཡིས་རང་ལུས་མེར་སྲེག་བཏང་བ་སོགས་ཀྱི་སྐོར་གསུངས།
དེ་ཡང་ཐུན་མོང་གི་འགྲུལ་བཞུད་འགྲེམས་སྟོན་དྲ་ཚིགས་ནི། ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་བདུན་ནས་ཚོགས་པ་བཅུ་གཉིས་ཀྱིས་ཐུན་མོང་གིས་སྤེལ་བའི་འགྲེམས་སྟོན་ལས་གཞི་དྲ་ཚིགས་ཤིག་ཡིན་ཞིང་། ཚོགས་པ་དེ་དག་ནི། ཨཕ་ག་ནིསྟཱན་གྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སྲུང་སྐྱོབ་ཚོགས་པ་དང་། བཱངྒ་ལ་དེཤའི་བཅིངས་གྲོལ་དམག་གི་འགྲེམས་སྟོན་ཁང་། དེ་བཞིན་ཀམ་བོ་ཌི་ཡཱའི་ཞི་བདེ་སློབ་གཉེར་བསྟི་གནས་ཁང་དང་། ན་གཞོན་ཞི་བདེ་ཚོགས་པ། སྙིང་རྗེ་ཚོགས་པ། བལ་ཡུལ་གྱི་གར་སོང་ཆ་མེད་དུ་གྱུར་པའི་ཤུལ་ལུས་འབྲེལ་ལམ་དང་བུད་མེད་འབོད་སྒྲ་ཚོགས་པ། བུད་མེད་ཀྱི་ལོ་རྒྱུས་ལས་གཞི་ཚོགས་པ། ཤྲི་ལང་ཀཱའི་རྒྱལ་སྤྱིའི་མི་རིགས་ཤེས་ཡོན་བསྟི་གནས་དང་སྤྱི་ཚོགས་འཕེལ་རྒྱས་བསྟི་གནས་ཁང་། ཐའེ་ཝན་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་འགྲེམས་སྟོན་ཁང་། རྒྱ་གར་ནང་ཡོད་པའི་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་བཅས་ཡིན།
དྲ་ཐོག་གི་ཚོགས་འདུ་འདིའི་དགོས་པ་དམིགས་ཡུལ་གཙོ་བོ་ནི། མི་རབས་ཕྱི་མ་རྣམས་ལ་འབྲེལ་ཡོད་ཚོགས་པ་སོ་སོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་། རིག་གཞུང་མི་ཉམས་རྒྱུན་འཛིན་སོགས་ཀྱི་གལ་གནད་སྐོར་ངོ་སྤྲོད་གནང་རྒྱུ་དེ་ཡིན། །