༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་སླེ་རུ་རྒྱལ་ཡོངས་གསོ་བ་རིག་པ་སློབ་གཉེར་ཁང་དུ་འཚམས་གཟིགས་དང་འབྲེལ་འགོ་ལས་དང་ལྷན་དུ་མཇལ་མོལ་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཙམ་ལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལ་དྭགས་སླེ་རུ་ཡོད་པའི་རྒྱལ་ཡོངས་གསོ་བ་རིག་པ་སློབ་གཉེར་ཁང་དུ་འཚམས་གཟིགས་དང་འབྲེལ་བོད་ཀྱི་སྲོལ་རྒྱུན་གསོ་བ་རིག་པ་རྒྱུན་སྐྱོང་སླད་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱིས་གོང་འཕེལ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་དང་། ལྷག་པར་རྒྱ་གར་ཨ་ཡུཤ་ལྷན་ཁང་ (Ministry of Ayush) ནས་བཀའ་འཁྲོལ་དང་འབྲེལ་ངོས་འཛིན་ཡོད་པ་ཞིག་ཆགས་ཡོད་སྟབས། ཚང་མས་གོ་སྐབས་དམ་འཛིན་གྱིས་ནུས་པ་མཉམ་དུ་སྤུང་དགོས་སྐོར་སོགས་ཀྱི་ལམ་སྟོན་གནང་ཡོད། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ (LAHDC) ཀྱི་ལས་ཁུངས་སུ་ཆེད་ཕེབས་ཀྱིས་ལྷན་ཚོགས་ཀྱི་སྡེ་དཔོན་སྐུ་ཞབས་བཀྲ་ཤིས་རྒྱལ་སོན་ལགས་ཀྱིས་གཙོས་འཐུས་མི་ཁག་གཅིག་དང་ལྷན་མཇལ་མོལ་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉེ་ཆར་ལ་དྭགས་ཁུལ་གྱི་གཞིས་གྲོང་ཁག་ལ་འཚམས་གཟིགས་ཕེབས་སྐབས་གཞིས་གྲོང་ཁག་གི་མི་མང་རྣམས་ནས་བདེ་སྡུག་དཀའ་ངལ་ཞུས་པ་ཁག་ཞུ་གཏུགས་ཀྱིས་གང་མྱུར་དཀའ་ངལ་སེལ་ཐབས་ཡོང་སྐོར་འབོད་སྐུལ་གནང་བར་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་གྱིས་དེ་སྔ་ནས་བོད་མི་རྣམས་ལ་མཐུན་འགྱུར་གང་ཐུབ་གནང་བཞིན་ཡོད་པ་དང་། མུ་མཐུད་མཐུན་འགྱུར་གནང་རྒྱུའི་ཞལ་བཞེས་བཟང་པོ་གནང་ཡོད། ལྷན་ཚོགས་སྐབས་བཀྲ་ཤིས་རྣམ་རྒྱལ་ལགས་དང་། གྷུ་ལཱམ་མེ་ཧན་ཌི་ཨཤ་ཧུར་ (Ghulam Mehdi Ashoor) ལགས། བསྟན་འཛིན་ཆོས་འཕེལ་ལགས་སོགས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་འཐུས་མི་ཁག་གཅིག་དང་། དེ་བཞིན་ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དོན་གྲུབ་ཚེ་རིང་ལགས། ལ་དྭགས་བོད་ཁྱིམ་གྱི་ངེས་སྟོན་པ་འཆི་མེད་ལྷུན་གྲུབ་ལགས། མཉམ་དྲུང་བཟང་པོ་ལགས། ས་གནས་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་བསྟན་འཛིན་སྒྲོལ་དཀར་ལགས་སོགས་ལྷན་འཛོམས་གནང་ཡོད།
ཕྱི་ཚེས་ ༢༤ ཉིན་གྱི་སྔོ་དྲོར་དཔལ་ལྡན་སྲིད་སྐྱོང་མཆོག་ལ་དྭགས་བྱང་ཐང་ཁུལ་དུ་འཚམས་གཟིགས་སླད་ཆེད་ཕེབས་གནང་ཡོད་པ་བཅས། །