༄༅།།བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ཚེས་ ༢༤ ནས་ ༢༧ བར་ལ་དྭགས་བྱང་ཐང་ཁུལ་གྱི་མཛད་འཆར་ལྟར་ཕྱི་ཚེས་ ༢༤ སྔ་དྲོ་ནས་བྱང་ཐང་ཁུལ་གྱི་གཞིས་གྲོང་ཁག་ ༨ ལ་འཚམས་གཟིགས་འགོ་འཛུགས་ཀྱིས་ཐོག་མར་བཀག་གཞུང་དང་ཉོ་མར་ཕེབས། དེ་ནས་ཕྱི་ཚེས་ ༢༥ ཉིན་རྒོད་ཡུལ་དང་ཧན་ལེ། ཚེས་ ༢༦ ཉིན་མ་ཁྱུ་དང་སུམ་མདོ། ཚེས་ ༢༧ ཉིན་ར་ཆུང་ཀ་རུ་དང་ས་སྨད་བཅས་སུ་རིམ་བཞིན་འཚམས་གཟིགས་གནང་སྟེ་མང་ཚོགས་དང་ཐུག་འཕྲད་གནང་བ་དང་། མི་མང་ཚོགས་འདུར་གསུང་བཤད་གནང་རྗེས་དྲི་བར་ལན་འདེབས་གནང་ཡོད།དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། སྲིད་སྐྱོང་གི་དམ་འབུལ་རྗེས་འདས་པའི་ཟླ་བ་གཉིས་དང་ཕྱེད་ཀའི་ལས་ཡུན་རིང་ཕྱག་ལས་ཇི་གནང་དང་། ལས་འགན་གལ་ཆེ་ཤོས་གཉིས་ཡོད་པ་ནས་དང་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་བོད་རྒྱ་འབྲེལ་མོལ་དང་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་དང་། གཉིས་པ་བཙན་བྱོལ་དུ་ཡོད་པའི་རང་རིགས་མི་མང་གི་བདེ་སྡུག་གཟིགས་སྐྱོང་གནང་རྒྱུ་ཡིན་སྐོར་གསུངས།གཞན་ཡང་མི་མང་གིས་དཀའ་ངལ་བདེ་སྡུག་ཞུས་ཁོངས་ནས་རྒྱ་གར་གཞུང་ལ་ཞུ་གཏུག་བྱ་དགོས་རིགས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ས་གནས་སུ་ཡོད་པའི་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་དང་། དེ་བཞིན་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་དང་འཐུས་མི་རྣམས་ལ་གང་མྱུར་དཀའ་ངལ་སེལ་ཐབས་སྐོར་ཞུ་བསྐུལ་དང་། དེ་མིན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མི་མང་གི་དཀའ་ངལ་གང་ཐུབ་སེལ་ཐབས་ཞུ་རྒྱུའི་སྐོར་གསུང་གནང་ཡོད།
འཚམས་གཟིགས་སྐབས་ལ་སྤྱི་གཙོས་པའི་ས་འཐུས་ཚོགས་གཙོ་དང་། མཉམ་འབྲེལ་ཚོགས་གཙོ། ལ་དྭགས་བོད་ཁྱིམ་གྱི་འགན་འཛིན་དང་སློབ་སྤྱི། ས་གནས་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་བཅས་ལྷན་བཅར་ཞུས་ཡོད། གོང་གསལ་འཚམས་གཟིགས་གྲུབ་རྗེས་ཕྱི་ཚེས་ ༢༧ དགོང་དྲོ་སླེ་རུ་ཕེབས་འབྱོར་གནང་ཡོད་པ་བཅས། །