༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་དྭགས་འདུད་གཅིག་འབྲོག་སར་ཆེད་ཕེབས་ཀྱིས་དེར་ཡོད་ཁྱིམ་ཚང་ ༨ དང་མཇལ་འཕྲད་དང་སྦྲགས། ཉེ་སྔོན་ཁོང་རྣམས་ཀྱི་ར་ལུག་ ༡༢༥༠ ཙམ་འཆི་སྐྱོན་གྱིས་དཀའ་ངལ་འཕྲད་བཞིན་པར་དཀའ་སེལ་སྐོར་གྲོས་བསྡུར་དང་དྲི་བ་དྲིས་ལན་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁོང་རྣམས་ལ་ད་ལྟའི་དཀའ་ངལ་གྱི་གནས་སྟངས་སེལ་རྒྱུར་རང་རིགས་མི་ཉུང་བ་ཞིག་ནས་དཔལ་འབྱོར་འདུ་འགོད་ཀྱིས་མཐུན་སྦྱོར་དང་། ས་གནས་མངའ་གཞུང་ནས་སྨན་བཅོས་ཀྱི་མཐུན་འགྱུར་གནང་བ། ར་ལུག་མང་པོ་འཆི་སྐྱོན་སོང་བར་གུན་གསབ་གནང་རྒྱུའི་འཆར་གཞི་ཡོད་པ་དང་། ས་གནས་གཞུང་དང་རང་རེའི་ཚོགས་སྒེར་ཡོངས་ལ་ཐུགས་རྗེ་ཆེ་ཞེས་གསུངས། མཐུན་སྦྱོར་དེས་ད་རེས་ཀྱི་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད་ཀྱང་། མ་འོངས་པར་འབྲོག་མི་རྣམས་ཀྱི་གནས་སྟངས་ཐོག་དེ་ལྟ་བུའི་དཀའ་ངལ་མི་ཡོང་སླད་བསམ་བློ་གཏོང་དགོས་སྐོར་ལམ་སྟོན་གནང་ཡོད།གོང་གསལ་འཚམས་གཟིགས་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་ཤེལ་དགོན་དང་། ཁྲིག་སེ་དགོན་གཉིས་སུ་གནས་གཟིགས་ཕེབས་ཏེ་ཁྲིག་སེ་རིན་པོ་ཆེ་མཆོག་དང་མཇལ་འཕྲད་ཞུས། ཉིན་རྒྱབ་བོད་ཁྱིམ་རྒས་གསོ་ཁང་དུ་འཚམས་གཟིགས་ཀྱིས་བགྲེས་སོང་རྣམས་དང་མཇལ་འཕྲད་དང་ཕྱི་དྲོ་ལ་སྤྱི་གཙོས་ས་འཐུས་ཚོགས་གཙོ་དང་། ས་གནས་ཁྲིམས་དྲུང་། ས་གནས་མཉམ་འབྲེལ་ཚོགས་གཙོ། སླེ་བྱང་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། དགོན་སྡེ་ཁག དེ་བཞིན་གཞུང་ཁོངས་དང་གཞུང་ཁོངས་མ་ཡིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན་དང་སྐུ་ཚབ་བཅས་དང་ལྷན་དུ་བཞུགས་མོལ་ཚོགས་འདུ་དང་དྲི་བ་དྲིས་ལན་གནང་ཡོད།སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལ་དྭགས་ཁུལ་དུ་བཅར་རྒྱུའི་འདུན་པ་ཆེན་པོ་ཡོད་པ་དང་། ལྷག་པར་ཕྱི་ལོ ༢༠༢༡ ལོའི་སྲིད་སྐྱོང་གི་འོས་བསྡུ་ཆེན་མོའི་དྲིལ་བསྒྲགས་སྐབས་གལ་ཏེ་སྲིད་སྐྱོང་དུ་འཁོད་ན་ལྟ་སྐོར་དང་པོ་དེ་ལ་དྭགས་སླེ་བྱང་ཁུལ་གྱི་རང་རིགས་མི་མང་དང་དངོས་སུ་མཇལ་འཕྲད་ཀྱིས་གནས་སྟངས་ཁག་རྟོག་ཞིབ་ཞུ་རྒྱུ་ཡིན་སྐོར་ཁས་ལེན་ཞུས་ཡོད་པ་ལྟར་སྲིད་སྐྱོང་དམ་འབུལ་རྗེས་ད་རེས་འཚམས་གཟིགས་དང་པོ་དེ་འདི་ཁུལ་དུ་བཅར་ཡོད་སྐོར་གསུངས། གཞན་ཡང་མི་མང་རྣམས་ལ་དཀའ་ངལ་ཇི་འཕྲད་དང་། ས་གནས་རང་ནས་སེལ་མ་ཐུབ་པ་གང་ཡོད། གཞུང་ངོས་ནས་དཀའ་ངལ་ཇི་སེལ། རྒྱ་གར་དབུས་ས་གཉིས་ཀྱི་གཞུང་ལ་དཀའ་ངལ་སེལ་ཐབས་སླད་ཞུ་གཏུགས་ཇི་ཞུས་སོགས་ཀྱི་སྐོར་གསང་པོར་གསུང་དགོས་ཞེས་དང་། དེ་བཞིན་མི་མང་རྣམས་ནས་རང་རེ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ཁག ལྷག་པར་བཅའ་ཁྲིམས་ལ་སོགས་པར་དོ་སྣང་དང་ཤེས་དགོས་པ་གལ་ཆེན་པོ་ཡིན་པ། གྲོས་ཚོགས་ཚོགས་ནས་བཀའ་བློན་གཞན་བདམས་པའི་རྗེས་སྲིད་སྐྱོང་རང་ནས་གནང་དགོས་པའི་ལས་འགན་གལ་ཆེ་ཤོས་གསུམ་ཡོད་པ་ནས་དང་པོ་དེ་བོད་རྒྱ་འབྲེལ་མོལ་གནང་རྒྱུ། དེ་ཡང་༸གོང་ས་མཆོག་གི་དགོངས་གཞི་ལྟར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སྐོར་དང་། གཉིས་པ་བཙན་བྱོལ་དུ་ཡོད་པའི་རང་རིགས་མི་མང་གི་བདེ་སྡུག་གཟིགས་སྐྱོང་གནང་རྒྱུ་དང་། བོད་མིའི་སྒྲིག་འཛུགས་དང་མི་མང་དབར་འབྲེལ་བ་དམ་ཟབ་ཡོང་རྒྱུ། གསུམ་པ་རྒྱལ་སྤྱིའི་དཔོན་རིགས་ཁག་དང་འབྲེལ་བ་དམ་ཟབ་གནང་རྒྱུ་ཡིན་སྐོར་གསུངས། གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ས་གནས་གང་དུ་ཕེབས་ཀྱང་ས་གནས་དེའི་དཔོན་རིགས་ཁག་དང་མཇལ་འཕྲད་ཀྱིས་ས་གནས་ས་ཐོག་གི་དཀའ་ངལ་ཞུ་གཏུགས་དང་། ལྷག་པར་སྒྲིག་འཛུགས་ཀྱི་ངོས་ནས་འབྲེལ་བ་རྒྱུན་སྐྱོང་གནང་རྒྱུ། དེ་བཞིན་མ་འོངས་པར་ས་གནས་སོ་སོའི་ངོས་ནས་ལས་འཆར་བཟོ་སྐབས་ཐོག་མར་ས་གནས་སོ་སོའི་གནས་སྟངས་མཁྱེན་དགོས་པ་དང་། དེའི་ཆེད་སྔོན་འགྲོའི་ཆ་རྐྱེན་དང་པོ་ནི་ས་གནས་སོ་སོར་མི་འབོར་ཇི་ཡོད་མཁྱེན་རྒྱུ་གལ་ཆེན་པོ་ཡིན་པར་སོང་། རིང་མིན་མི་འབོར་གྲངས་བཤེར་བྱ་རྒྱུའི་ལས་རིམ་ཡོད་པ་དང་། ས་གནས་སོ་སོ་ནས་མི་འབོར་ལ་གཞི་བཅོལ་གྱིས་འཆར་གཞི་ཕུལ་བ་ཙམ་མ་ཡིན་པར་འཕྲལ་ཕུགས་རྒྱང་གསུམ་ཐོག་ཕན་རླབས་ག་ཚོད་ཡོད་མེད། མི་མང་ལ་དངོས་སུ་ཕན་ག་ཚོད་ཐོགས་ཀྱི་ཡོད་མེད་སོགས་ཀྱི་ལས་འཆར་ཚད་ལྡན་ཡོང་སླད་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་དང་གོ་བསྡུར་གྱིས་བོད་མིའི་སྒྲིག་འཛུགས་ལ་འཆར་འབུལ་དང་། དེ་འབྲེལ་བོད་མིའི་སྒྲིག་འཛུགས་ནས་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་པའི་ལས་འཆར་ཁག་ལ་མཐུན་འགྱུར་ཇི་བྱེད་བསམ་ཞིབ་གནང་རྒྱུ་ཡིན་སྐོར་གསུངས་རྗེས་དྲི་བ་ཁག་ལ་ལན་འདེབས་གནང་ཡོད།ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་དགོན་ཁག་གསུམ་དུ་གནས་གཟིགས་སུ་ཕེབས་རྗེས་གྲོང་སྡེ་ ༡༢ ཆ་ཚང་དང་། མ་ཁྱུ་དང་ཆུ་ཤུལ་འབྲོག་ས་བཅས་པར་འཚམས་གཟིགས་གནང་ཡོད། ཐོག་མར་དཔའ་བོ་ཉི་མ་བསྟན་འཛིན་ལགས་ཀྱི་ནང་མི་དང་མཇལ་འཕྲད་གནང་རྗེས་རིམ་པས་ཉམ་ཐག་ཁྱིམ་ཚང་ཁག་དང་། བགྲེས་སོང་རྣམས་དང་མཇལ་འཕྲད་གནང་། དེ་བཞིན་གཞིས་གྲོང་སོ་སོའི་སྤྱི་ཁང་དུ་མི་འཐུས་དང་བརྒྱ་དཔོན། མི་མང་བཅས་དང་མཇལ་འཕྲད་གནང་སྐབས། བརྒྱ་དཔོན་རྣམས་ནས་གྲོང་སྡེ་སོ་སོའི་གནས་སྟངས་སྙན་སྒྲོན་ཞུས། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མི་མང་ལ་དཀའ་ངལ་ག་རེ་འཕྲད་བཞིན་ཡོད་སྐོར་བཀའ་འདྲི་གནང་བར། བདེ་སྡུག་སྙན་གསན་བྱུང་ཁག་རྒྱ་གར་གཞུང་ལ་ཞུ་དགོས་རིགས་ས་གནས་སུ་ཡོད་པའི་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་དང་། དེ་བཞིན་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ (Ladakh Hill Council) ཀྱི་འགོ་འཛིན་དང་མཇལ་འཕྲད་སྐབས་གང་མྱུར་དཀའ་ངལ་སེལ་ཐབས་སྐོར་ཞུ་གཏུགས་བྱ་རྒྱུ་ཡིན་སྐོར་དང་། དེ་མིན་བོད་མིའི་སྒྲིག་འཛུགས་ནས་དགོས་མཁོར་གཞིགས་ཏེ་གཟིགས་སྐྱོང་གནང་རྒྱུའི་ལམ་སྟོན་གནང་ཡོད།དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མང་ཚོགས་ལ་འདས་པའི་ཟླ་བ་གཉིས་དང་ཕྱེད་ཀའི་ལས་ཡུན་རིང་ཕྱག་ལས་ཇི་གནང་དང་། ལས་འགན་གལ་ཆེ་ཤོས་གཉིས་ཡོད་པ་ནས་དང་པོ་༸གོང་ས་མཆོག་གི་དགོངས་གཞི་ལྟར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་བོད་རྒྱ་འབྲེལ་མོལ་དང་བོད་རྒྱའི་དཀའ་རྙོག་སེལ་ཐབས། གཉིས་པ་བཙན་བྱོལ་བོད་མིའི་བདེ་སྡུག་གཟིགས་སྐྱོང་གནང་རྒྱུ་ཡིན་སྐོར་དང་། ལྷག་པར་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་དཀའ་ངལ་ཆེ་ཤོས་ནི་བགྲེས་སོང་དང་ནད་མནར་བའི་སྐབས་ཡིན་པར་སོང་། དེ་དག་བལྟ་སྐྱོང་བྱ་རྒྱུ་དང་ལས་དོན་སྒྲུབ་ཚེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་སྒྲུབ་ཀྱི་ཡོད་ལུགས་སོགས་ཀྱི་གསུང་བཤད་གནང་། ཉིན་དེའི་འཚམས་གཟིགས་མཐའ་མར་ལ་དྭགས་བོད་ཁྱིམ་ཡན་ལག་ཨག་གླིང་སློབ་གྲྭར་འཚམས་གཟིགས་གནང་། ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་ལ་དྭགས་མངའ་རིས་དགོན་པར་གནས་གཟིགས་ཏུ་ཕེབས་གྲུབ་མཚམས་ཆུ་ཚོད་ ༩།༡༥ ཐོག་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་དང་ལ་དྭགས་ནང་པ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐུབ་བསྟན་ཚེ་དབང་མཆོག་གི་གཟིམ་ཤག་ཏུ་ཁོང་དང་མཇལ་འཕྲད་གནང་ཡོད། སྐབས་དེར་ལ་སྤྱི་དང་ས་འཐུས་ཚོགས་གཙོ། ལ་དྭགས་བོད་ཁྱིམ་སློབ་གྲྭའི་འགན་འཛིན། མཉམ་འབྲེལ་ཚོགས་གཙོ། ས་གནས་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་བཅས་ལྷན་བཅར་ཞུས།མཇལ་འཕྲད་ལེགས་གྲུབ་རྗེས་ཆུ་ཚོད་ ༡༠།༣༠ ཐོག་ལ་དྭགས་ནང་པ་ཚོགས་པའི་ཇོ་ཁང་གི་མདུན་ནས་སྲོལ་རྒྱུན་གྱི་རྒྱན་གསོ་གཟབ་མཆོར་ལེགས་པར་སྤྲས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་དགོན་པའི་ནང་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་ཡོད། ཆུ་ཚོད་ ༡༡།༤༠ ཙམ་ལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱི་གཟིམ་ཤག་ཏུ་ཁོང་དང་མཇལ་འཕྲད་གནང་། དེའི་རྗེས་ཆུ་ཚོད་ ༡༢།༣༠ ཐོག་རྒྱ་གར་ས་གནས་རྫོང་དཔོན་གྱི་ལས་ཁུངས་སུ་རྫོང་དཔོན་སྐུ་ཞབས་ཤྲི་ཀནྟ་བཱ་ལཱ་སཱ་ཧེབ་སུ་སི་ (Shrikant Balasaheb Suse) མཆོག་དང་མཇལ་འཕྲད་གནང་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།