༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༢༠ རེས་གཟའ་པ་སངས་ཉིན་གྱི་ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་སྤྱི་གཙོས་ས་གནས་འཐུས་ཚོགས་དང་། ལ་བྱང་གཉིས་ཀྱི་ས་གནས་རང་བདེན་ཚོགས་ཆུང་། ས་གནས་ཁྲིམས་ཞིབ་ཁང་། ཡན་ལག་སྨན་རྩིས་ཁང་། ལ་དྭགས་བོད་ཕྲུག་ཁྱིམ་སྡེ། ས་གནས་འཕྲོད་བསྟེན་སྨན་ཁང་། མཉམ་འབྲེལ་བཅས་སུ་འཚམས་གཟིགས་གནང་གྲུབ་མཚམས་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་དགེ་ལས་སློབ་ཕྲུག་ཡོངས་ལ་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦།༣༠ ཙམ་ལ་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་དང་། ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་ཀྱི་ལས་ཀྱི་སྣེ་མོ་བ། ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་ངེས་སྟོན་པ། སློབ་སྤྱི། འགན་འཛིན་རྣམ་པ། དེ་བཞིན་དགེ་ལས་སློབ་ཕྲུག་བཅས་ཚང་འཛོམས་ཀྱིས་ཐོག་མར་ལ་དྭགས་བོད་ཁྱིམ་གྱི་ངེས་སྟོན་པ་འཆི་མེད་ལྷུན་གྲུབ་ལགས་ཀྱིས་ཕེབས་བསུ་དང་འབྲེལ་སློབ་གྲྭའི་ལས་བསྡོམས་སྙན་གསེང་ཞུས་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་ལྟ་གྲུབ་རྒན་ལགས་རྣམ་གཉིས་དང་ས་གནས་འགོ་འཛིན། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དབུས་པའི་ས་གནས་ཀྱི་ལས་ཀྱི་སྣེ་མོ་བ། སློབ་གྲྭའི་འགན་འཛིན་དང་སློབ་སྤྱི། དགེ་བཤེས་དབུས་པའི་དགེ་ལས་རྣམ་པ་ཚོ་དང་། དེ་རིང་འདིར་འཛིན་གྲྭ་དགུ་པ་དང་བཅུ་པའི་སློབ་མ་རྣམས་འཛོམས་ཡོད། རྣམ་པ་ཚོ་ཚང་མར་ང་རང་སྒེར་གྱི་ངོས་ནས་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་ངོ་བོའི་ཐོག་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཕྲན་རང་ཉིད་ཀྱིས་སྲིད་སྐྱོང་གི་འགན་འཁུར་ཞུས་ཏེ་སློབ་གྲྭའི་ནང་སྐད་ཆ་བཤད་པ་ཐེངས་དང་པོ་ཆགས་ཀྱི་ཡོད། ཇམ་མུ་ནས་ཐོན་ཏེ་ཉིན་གུང་འདིར་འབྱོར་བ་རེད། ཉིན་རྒྱབ་ལས་ཁུངས་ཁག་ཏུ་ཕར་ཚུར་ལྟ་སྐོར་ཕྱིན་ཏེ་ས་ཆ་ཁ་ཤས་ཤིག་ལ་ཐོག་མའི་འཆར་གཞི་དང་ཏག་ཏག་མ་འགྲིག་པར་བརྟེན་ཏོག་ཙམ་མང་བ་འགོར་བ་རེད། རྣམ་པ་ཚོ་སྒུག་གནང་དགོས་བྱུང་བར་བཟོད་གསོལ་ཞུ་རྒྱུ་ཡིན། ས་གནས་གང་དུ་ཕྱིན་ཡང་གཞོན་སྐྱེས་ཚོ་དང་ཐུག་རྒྱུའི་གོ་སྐབས་བྱུང་ན་བསམ་པའི་རེ་བ་རྒྱག་བཞིན་ཡོད་སྟབས། དེ་སྔ་ལས་རིམ་བཟོ་པའི་སྐབས་སློབ་ཕྲུག་དང་ལྷན་ལས་རིམ་ཞིག་བཟོ་རོགས་ཞེས་ཞུས་པ་བཞིན་དེ་རིང་འདིར་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
ཚང་མས་མཁྱེན་གསལ་ལྟར་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༣༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་ས་ཐོག་ལ་༸ཞབས་སོར་འཁོད་པ་རེད། ད་ཆ་ཕྱིར་བལྟས་ཏེ་བསམ་བློ་ཞིག་བཏང་བ་ཡིན་ན་གལ་སྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༣༡ ཉིན་རྒྱ་གར་དུ་༸ཞབས་སོར་འཁོད་མ་ཐུབ་ཚེ་ང་ཚོའི་གནས་སྟངས་འདི་གང་འདྲ་ཆགས་ཡོད་ན། གང་ཡིན་ཟེར་ན། ༸རྒྱལ་བ་རིན་པོ་ཆེ་མཆོག་༸ཞབས་སོར་འཁོད་མ་ཐུབ་ཚེ་སྐབས་དེ་དུས་བོད་པ་ཕྲན་བུ་ཡོད་སའི་ས་གནས་ཀ་སྦུག་དང་རྡོར་གླིང་ཆགས་ཀྱི་ཡོད། སྐབས་དེར་བོད་མི་དེ་དག་ཕར་སློག་རྒྱུའི་སྐོར་སྐད་ཆ་དེ་འདྲ་གོ་རྒྱུ་འདུག གལ་སྲིད་༸རྒྱལ་བ་རིན་པོ་ཆེ་མཆོག་༸ཞབས་སོར་འཁོད་གནང་མ་ཐུབ་ཚེ་བོད་ནས་ཚུར་གསར་དུ་རྒྱ་གར་ནང་ཡོང་མཁན་རིགས་རྒྱ་གར་ནང་ཡོང་ཐུབ་རྒྱུ་ཕར་བཞག རྒྱ་གར་ནང་དེ་སྔ་ཕྱི་ལོ་ ༡༩༥༩ ལོའི་སྔོན་ནས་འབྱོར་བའི་བོད་མི་རྣམས་ཕལ་ཆེར་བོད་ལ་ཕར་སློག་རྒྱུའི་ཉེན་ཁ་ལྟ་བུ་ཆགས་ཡོད། གནས་སྟངས་འདི་གཅིག་པུར་བལྟས་པ་ཡིན་ནའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཀའ་དྲིན་ཆེན་པོ་ཇི་ལྟར་ཡིན་པའི་སྐོར་ང་ཚོས་ཤེས་ཐུབ། གཞན་རྒྱུ་མཚན་མང་པོ་ཞིག་བགྲང་དགོས་མེད། ༸རྒྱལ་བ་རིན་པོ་ཆེ་མེད་པ་ཡིན་ན་ད་ལྟ་ང་ཚོ་འདིར་སློབ་གྲྭ་དང་དགོན་སྡེ་ཁག གཞིས་ཆགས་ཁག་གསར་དུ་བཙུགས་པ་རྣམས་ཕལ་ཆེར་བྱུང་མྱོང་ཡོད་པ་མ་རེད། ཁ་ཤས་ཤིག་ཐར་བའི་དབང་དུ་བཏང་ནའང་སོ་སོ་རང་མགོ་ལྟ་བུ་ཐོན་ཏེ་རྒྱ་གར་ནང་སྲན་མ་འཐོར་བ་ནང་བཞིན་འཐོར་པ་ཡིན་ན་བོད་སྐད་བཤད་མཁན་ལྷག་གི་མེད། རྒྱ་གར་སྤྱི་ཚོགས་ནང་བསྡད་དེ་ཧིན་སྐད་དང་བལ་སྐད་བསྐྱོན་པ་དང་། ནང་ཆོས་ཕར་བཞག་བོད་ཀྱི་སྐད་ཡིག་གཅིག་པུ་དེ་ཡང་སྲུང་སྐྱོབ་བྱེད་ཐུབ་རྒྱུའི་གནས་སྟངས་ཆགས་ཀྱི་ཡོད་མེད་ཐོག་བསམ་བློ་བཏང་ཚེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཇི་ལྟར་བཀའ་དྲིན་ཆེན་པོ་ཡིན་པ་འདི་ནས་ཚོར་ཐུབ་རྒྱུ་རེད། སྒྲུང་མང་པོ་ཞིག་བཤད་དགོས་མི་འདུག དེ་ནས་ཏེཛ་པུར་བརྒྱུད་ནས་མ་སུ་རིར་ལོ་གཅིག་བཞུགས་གནང་བ་རེད། ཕྱི་ལོ་ ༡༩༦༠ ཟླ་ ༥ ཚེས་ ༡ ཉིན་༸རྒྱལ་བ་རིན་པོ་ཆེ་མཆོོག་མ་སུ་རི་ནས་རྡ་རམ་ས་ལར་སྤོས་གནང་སྟེ་རྡ་ས་སྭརག་ཨཤྲམ་ (Swarg Ashram) དུ་བཞུགས་པ་རེད། སྐབས་དེར་བཙན་བྱོལ་བོད་གཞུང་ནི་ཧ་ཅང་ཆུང་ཆུང་ཡིན་པ་མ་ཟད། ལས་ཁུངས་ཁ་ཤས་ནང་འཛིན་སྐྱོང་གནང་ནས་བསྡད་པ་རེད། དེ་ནས་རིམ་བཞིན་གངས་ཅན་སྐྱིད་གཤོངས་ལ་སྤོས་ནས་དེང་སང་ཤེས་རིག་ལས་ཁུངས་ཀྱི་ཉེ་འགྲམ་དུ་ཁང་པ་གཅིག་ཡོད་པ་དེའི་ནང་ལྷན་ཁང་ཁག་ལྔའི་བཀའ་བློན་རྣམས་བཞུགས་ཏེ་ཕྱག་ལས་གནང་བ་རེད། བོད་ནང་ཚུར་ཡོང་མཁན་གྱི་དགེ་འདུན་པ་མང་ཆེ་བ་ཞིག་སྦག་ས་ཞེས་པའི་ས་ཆ་དེར་བཞག་པ་རེད། སྐྱ་བོ་མང་ཆེ་བ་མི་ས་མ་རིར་བཞག་པ་རེད། བོད་པ་ཚོས་འཚོ་བ་སྐྱེལ་སྟངས་གང་ཡང་ཤེས་ཀྱི་མེད་སྟབས་འཚོ་རྟེན་ཁག་པོ་ཆགས་ཡོད། སྐབས་དེ་དུས་གནམ་གཤིས་ཚ་བའི་རྐྱེན་གྱིས་མི་མང་པོ་ཞིག་འདས་གྲོངས་སུ་གྱུར་ཡོད།
དེ་ནས་རིམ་བཞིན་གནམ་གཤིས་བསིལ་སའི་ཕྱོགས་ལ་སྤོས་པ་ལྟར། ལ་དྭགས་ཁུལ་དུ་མང་ཆེ་བ་མངའ་རིས་ཁུལ་དང་གཞན་ས་ཁུལ་མང་ཆེ་བ་ཅམ་པ། ཌལ་ཧོར། མ་ནཱ་ལཱི། སིམ་ལ། འབུམ་སྡེ་ལ། སྒང་ཏོག་བཅས་ཀྱི་གཡས་གཡོན་ལ་ལམ་བཟོའི་ཆེད་བཏང་བ་རེད། ཁྱེད་རང་ཚོའི་སྤོ་སྤོ་དང་རྨོ་རྨོ། ང་ཚོའི་པཱ་ལགས་དང་ཨ་མ་ལགས་ལམ་བཟོ་རྒྱུག་ནས་བསྡད་པ་རེད། དེ་ནས་གཞིས་ཆགས་ཁག་བཙུགས་པ་རེད། གཞིས་ཆགས་ཁག་གི་ནང་ནས་དང་པོ་དེ་ཕལ་ཆེར་སྦེལ་ཀོབ་གཞིས་ཆགས་རེད། ཕྱི་ལོ་ ༡༩༦༠ ཟླ་ ༡༢ ཚེས་ ༡༦ ཉིན་མི་དེ་དག་མར་སླེབས་པ་རེད། གཞིས་ཆགས་ཀྱི་ས་ཆ་དེ་ཤིང་ནགས་ཀྱི་ས་ཆ་རེད། ཤིང་ནགས་དེ་ཚོ་གཅོད་འབྲེག་བྱས་ནས་གཞིས་ཆགས་འཛུགས་དགོས་ཀྱི་ཡོད། ཕ་མ་མང་པོ་ཞིག་མར་སླེབ་ཀྱི་ཡོད་སྟབས། ཕྲུ་གུ་མང་པོ་ཚ་བའི་རྐྱེན་པས་ནད་ན་ཚ་མང་པོ་ཕོག་སྟེ་འདས་གྲོངས་སུ་འགྲོ་སྲིད་པར་བརྟེན། རྡ་སར་སྐབས་དེ་དུས་༸སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་ལགས་ཀྱིས་འགན་བཞེས་ཏེ་ཕྲུ་གུ་ཆུང་ཆུང་བདག་པོ་རྒྱག་རྒྱུ་འགོ་བཙུགས་ཏེ་རིམ་བཞིན་བོད་ཕྲུག་ཁྱིམ་སྡེ་འགོ་བཙུགས་པ་རེད། ཨ་མ་ཚེ་རིང་སྒྲོལ་མ་ལགས་དགོངས་པ་རྫོགས་རྗེས་ཨ་མ་རྗེ་བཙུན་པདྨ་ལགས་ཀྱིས་ལོ་མང་རིང་སྐུ་ལས་མང་པོ་བསྐྱོན་ཏེ་དངོས་གནས་དྲང་གནས་གཟེངས་སུ་ཐོན་པའི་ཕྱག་ལས་གནང་ཡོད་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཆོད་ཅིག་གི་ནང་གངས་ཅན་བོད་ཀྱི་མ་ཞེས་ཨ་མ་ལགས་སུ་མཚན་གནས་ཕུལ་ཡོད། རྣམ་པ་ཚོ་སོ་སོའི་སློབ་གྲྭ་འགོ་བཙུགས་མཁན་དེ་དག་སུ་ཡིན་སྐོར་དང་། འགན་འཁྱེར་མཁན་གྱི་ཐོག་ལ་ཕྲན་བུ་ཞིག་ཤེས་ཚེ་དེ་ཚོའི་བཀའ་དྲིན་བསམ་ཤེས་ཤིག་ཡོང་གི་རེད། དཔེར་ན། ཆུ་ཡིན་ནའང་ཆུ་འགོ་མེད་ན་འོག་ལ་ཆུ་ཡོང་རྒྱུ་མེད། དེ་མཚུངས་ལས་གཞི་གང་འདྲ་ཞིག་ཡིན་རུང་འགོ་བཙུགས་མཁན་དེ་གལ་ཆེན་པོ་ཆགས་ཀྱི་ཡོད། སྐབས་དེ་དུས་གནས་སྟངས་དཀའ་ལས་ཁག་པོ་དང་འགོ་ནས་ཕྱག་ལས་གནང་དགོས་ཀྱི་ཡོད་སྟབས་སྙིང་སྟོབས་དགོས་ཀྱི་ཡོད། ལས་སླ་པོ་མེད། ཕྲུ་གུ་ཆུང་ཆུང་མང་པོ་ཞིག་གསོ་དགོས་ཀྱི་ཡོད། དཔེར་ན་ངའི་གཅེན་པོ་ལྟ་བུར་ཆ་བཞག་ན། སྐབས་དེ་དུས་དང་དེང་སང་ཡང་ཡིག་ཆ་ཡག་པོ་ཉར་ཚགས་བྱེད་མི་འདུག སྐབས་དེ་དུས་ཡིག་ཆ་ཉར་ཚགས་བྱེད་རྒྱུ་ཧ་ཅང་ཁག་པོ་རེད། མིང་འགྱུར་བ་ཕྱིན། གཏན་འཇགས་སློབ་གྲྭ་བཙུགས་ནས་ཕྲུ་གུ་རིམ་བཞིན་གཏོང་གི་ཡོད་སྟབས་ཕ་མ་རྣམས་ཀྱི་ཕྲུ་གུ་མ་རྙེད་པའི་གནས་སྟངས་མང་པོ་བྱུང་ཡོད། དེ་ལྟར་སྐུ་ལས་བསྐྱོན་ཏེ་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་བཙུགས་པ་རེད། བཙན་བྱོལ་ནང་སློབ་གྲྭ་རྒྱ་ཁྱབ་ཆེ་ཤོས་དང་ཕྲུ་གུ་མང་ཤོས་ལྟ་སྐྱོང་བྱེད་རྒྱུའི་སྒྲིག་འཛུགས་ཆགས་པ་རེད། གཙོ་བོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན། ༸རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་གནང་བ་ལ་བརྟེན་ནས་བྱུང་བ་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་སྒྲུབ་ཐབས་ཆེད་ཞབས་ཞུ་བ་ཨ་མ་ལགས་ཀྱིས་གཙོས་པའི་འགན་འཁྱེར་མཁན་མང་པོ་ཞིག་ཡོད། ཨ་མ་ལགས་སྐུ་རྐྱང་གི་གནང་མི་ཐུབ། ང་ཚོས་ལས་ཀ་ཇི་འདྲ་ཞིག་བྱེད་པ་ཡིན་ནའང་ཚང་མས་ནུས་པ་མཉམ་སྤུངས་ཀྱི་ཐོག་ནས་ལས་དོན་བྱེད་དགོས།
དེ་སྔ་འོས་བསྡུའི་སྐབས་ནུས་པ་མཉམ་སྤུངས་ཞེས་བཤད་པ་འདི་ཚང་མས་ནུས་པ་མཉམ་དུ་སྤུངས་ཚེ་ལས་དོན་ཆ་ཚང་བ་ཞིག་སྒྲུབ་ཐུབ་རྒྱུ་ཡོད་པ་རེད། ཚང་མས་ནུས་པ་མཉམ་སྤུངས་མེད་ན་གཞན་ཕན་གྱི་མཐུན་འགྱུར་ཡོང་མི་ཐུབ། གཞན་ཕན་གྱི་མཐུན་འགྱུར་མ་ཡོང་ན་ལས་དོན་སྒྲུབ་རྒྱུ་དཔེ་མི་སྲིད་ཁག་པོ་ཆགས་ཀྱི་རེད། བོད་ཕྲུག་ཁྱིམ་སྡེའི་ཨ་མ་ལགས་ཀྱིས་གཙོས་འགན་འཛིན་དང་། སློབ་སྤྱི། དགེ་རྒན་རྣམ་པ། དེ་བཞིན་ཁྱིམ་ཚང་གི་པཱ་ལགས་དང་། ཨ་མ་ལགས་རྣམ་པ་བཅས་ནས་འགན་འཁུར་གནང་བའི་འོག་སློབ་ཕྲུག་ཚོས་སློབ་སྦྱོང་ལ་དོ་ཁུར་དང་སློབ་སྦྱོང་གནང་དགོས་པའི་དུས་ཚོད་རེད། སློབ་ཕྲུག་ཚོས་སློབ་སྦྱོང་ཧུར་ཐག་གནང་བ་ཡིན་ན་ནུས་པ་མཉམ་སྤུངས་ཟེར་བ་དེ་ཡོང་གི་རེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་རྒན་རབས་པ་ཚོས་སྐུ་ལས་བསྐྱོན་ཏེ་ཤར་སྐྱོད་གནང་བ་ལ་བརྟེན་ནས་ད་ལྟ་ང་ཚོའི་སྤྱི་ཚོགས་འདི་ཧྲ་ཏག་ཏག་ཆགས་ཡོད། དཔེར་ན་ང་ལ་མཚོན་ན་སློབ་སྦྱོང་ཧ་ཅང་ཚད་མཐོན་པོ་ཐོན་ཡོད་མ་རེད། འོན་ཀྱང་འཛམ་གླིང་གི་སྡིངས་ཆ་གང་དུ་ཕྱིན་ཡང་འཛམ་གླིང་གི་དབུ་ཁྲིད་ཚོ་དང་མཉམ་དུ་དཔུང་པ་མཉམ་གཤིབ་བྱས་ནས་འགྲོ་ཐུབ་པ་བཟོ་མཁན་ནི་༸རྒྱལ་བ་རིན་པོ་ཆེ་གཙོ་བོར་གྱུར་པའི་ང་རང་ཚོའི་སྤྱི་ཚོགས་འདི་ཆགས་ཡོད། དེར་བརྟེན་བཀའ་དྲིན་བསམ་ཤེས་ཟེར་བ་དེ་ངེས་པར་དུ་དགོས་པ་རེད་བསམ་གྱི་འདུག ངས་དེ་ཞུ་དགོས་པའི་རྒྱུ་མཚན་གཅིག་ནི་དེང་སང་བོད་ཕྲུག་ཁྱིམ་སྡེའི་ནང་ནས་འབྲས་རྡ་ལི་བཟས་ནས་འཚར་ལོངས་བྱུང་སྟེ་སློབ་སྦྱོང་གང་ལ་གང་འཚམ་ཐོབ་མཁན་དེ་ཚོའི་གྲས་ནས་ཀྱང་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨད་ཞུ་མཁན་རེ་ཟུང་ཡོང་གི་འདུག ཚང་མ་མ་རེད། ཉུང་ཤས་རེད། མང་ཆེ་བ་ཧ་ཅང་ཡག་པོ་ཡོད། བོད་ཕྲུག་ཁྱིམ་སྡེ་ནས་ཀྱང་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨད་ཞུ་མཁན་རེ་ཟུང་ཐོན་སྐབས་ང་ཚོའི་བསམ་བློར་རྩ་བ་ཉིད་ནས་ཤོང་གི་མི་འདུག ༸རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་དེ་ཙམ་ཞིག་བསམ་ཤེས་ཞུ་མ་ཐུབ་པ་ཡིན་ན་ཡི་གེ་འབྲི་ཀློག་ག་ཚོད་སྦྱངས་ཀྱང་ཕན་ཐོགས་མེད། བཟང་ངན་དང་། གཞན་ཕན་གྱི་དབྱེ་བ་འབྱེད་མ་ཤེས་པ་ཡིན་ན་སློབ་སྦྱོང་བྱས་ནས་ཕན་ཐོགས་ཡོང་གི་མི་འདུག སློབ་སྦྱོང་སྦྱངས་ཏེ་མི་གཞན་ལ་གནོད་སྐྱེལ་རྒྱུའི་བསམ་བློ་མང་བ་བཏང་བ་ཡིན་ན་སློབ་སྦྱོང་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་མི་ལ་གནོད་སྐྱེལ་རྒྱུའི་ནུས་པ་ཤུགས་ཆེ་རུ་འགྲོ་ཡི་ཡོད་པ་མ་ཟད། སྤྱི་ཚོགས་ལ་ཕན་ཐོགས་པ་ལས་གནོད་སྐྱེལ་རྒྱུ་མང་བ་ཡོང་གི་འདུག དེ་འདྲ་ཆགས་པ་ཡིན་ན་ང་ཚོས་སློབ་གྲྭ་དེ་དག་བཙུགས་པའི་དགོས་པ་གང་ཡང་མེད། སློབ་སྦྱོང་ཟེར་བ་དེ་འབྲི་ཀློག་ཙམ་མ་རེད། ལྟ་གྲུབ་དགེ་རྒན་རྣམ་པས་དུས་རྒྱུན་དུ་ཁྱེད་ཚོར་བཀའ་གནང་གི་ཡོད།
གང་ལྟར་གལ་ཆེ་ཤོས་ལེགས་ཉེས་བླང་དོར་འབྱེད་ཤེས་མཁན་ཞིག་དགོས་པ་རེད། བོད་ཕྲུག་ཁྱིམ་སྡེའི་ངོ་སྤྲོད་ནང་རང་ལས་གཞན་གཅེས་ཞེས་འཁོད་ཡོད། གོང་དུ་ལས་བསྡོམས་སྒྲོགས་སྦྱང་གནང་སྐབས་ལ་དྭགས་ཁུལ་དུ་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་ཕྱིན་པའི་སྐབས་ཁྱེད་རང་ཚོ་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་ཡོད་པ་གསུངས་སོང་། དེས་བོད་ཕྲུག་ཁྱིམ་སྡེའི་ངོ་སྤྲོད་ནང་རང་ལས་གཞན་གཅེས་ཟེར་བ་དང་ཏག་ཏག་མཚོན་གྱི་ཡོད། དཀའ་ངལ་འཕྲད་པའི་སྐབས་རོགས་རམ་གནང་རྒྱུའི་བསམ་བློ་འཁོར་བ་ཡིན་ན་འགྲིག་ཡོད། རྒན་པ་ཚོ་ལའང་ཞུ་དགོས་པ་ཆགས་ཡོད། གཙོ་བོ་ཁྱེད་རང་ཚོའི་ལུས་སེམས་དང་ཀླད་པ་འཚར་ལོངས་འབྱུང་བཞིན་ཡོད་སྟབས་བསམ་བློ་འགྱུར་བ་གཏོང་ཐུབ་ཀྱི་ཡོད། ནང་ཆོས་ནི་གཙོ་བོ་སེམས་འགྱུར་བ་གཏོང་རྒྱུ་དེ་ཡིན། དཔེ་ཆ་བལྟས་ཀྱང་ཉམས་ལེན་མེད་ན་ཆོ་མི་འདུག དགེ་འདུན་པའི་ནང་ནས་ཀྱང་སྐྱ་བོ་ལས་ཁོང་ཁྲོ་ཆེ་བ་དེ་འདྲ་ཡོང་གི་འདུག གཙོ་བོ་མི་བཟང་པོ་ཞིག་ཆགས་ཐུབ་པ་བྱེད་དགོས། ང་ཚོ་བོད་པ་རེད། ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་མི་ཚེ་འདིའི་རིང་ངོས་རང་བོད་པ་མིན་ཟེར་ས་འགྲོ་གི་མ་རེད། ཅེས་གསུངས་ཡོད། ང་ཚོ་མི་ཚེ་འདིའི་རིང་ཤ་དང་། ཁྲག རུས་པ་བཅས་བོད་པ་ཆགས་ཡོད། ང་ཚོ་སྐྱབས་བཅོལ་བ་རེད། ང་ཚོར་རང་བཙན་ཡོད་མཁན་གྱི་རྒྱལ་ཁབ་དང་མི་རིགས་དང་མི་འདྲ་བར་ལས་འགན་འཕར་མ་ཞིག་ཡོད། ང་ཚོར་ལས་འགན་འཕར་མ་ཞིག་ཡོད་སྙམ་པ་དྲན་གྱི་ཡོད་ན། བོད་ནང་གི་གནས་སྟངས་ལ་དོ་སྣང་དགོས། ད་ལྟ་འདིར་སློབ་སྦྱོང་བྱེད་པའི་རིང་ལ་ལོ་རྒྱུས་ཀྱི་གནས་བབ་དེ་དག་ཤེས་པར་བྱེད་དགོས། བོད་ཀྱི་ལོ་རྒྱུས་ཕལ་ཆེ་བ་སློབ་དེབ་ནང་སློབ་པའི་སྐབས་ཆོས་རྒྱལ་ཚོའི་སྐབས་ཀྱི་ལོ་རྒྱུས་དང་བཙན་པོའི་རྒྱལ་རབས་དེ་དག་བཤད་ནས་བོད་ས་མང་པོ་ཞིག་དབང་སྒྱུར་བྱས་པའི་གནས་སྟངས་ཙམ་མ་གཏོགས་ལོ་ངོ་བཞི་བརྒྱ་ཙམ་གྱི་རིང་བོད་སིལ་བུར་འཐོར་བའི་སྐབས་ང་ཚོའི་གནས་སྟངས་ག་འདྲ་ཆགས་པ་རེད། དེ་རྗེས་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དང་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཆོས་སྲིད་གཉིས་ཀྱི་འགན་བཞེས་པ་ནས་བཟུང་ལོ་ངོ་བརྒྱ་ཙམ་གྱི་རིང་ས་སྐྱའི་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་གནས་བབ་ག་འདྲ་ཡོད། དེ་བཞིན་ཕག་མོ་གྲུ་པའི་སྐབས་བོད་ཀྱི་ལོ་རྒྱུས་གནས་སྟངས་དང་ས་ཁྱོན་ག་འདྲ་ཡོད། རིན་སྤུངས་སྐབས་བོད་ཀྱི་ས་ཆ་རྒྱ་ཆེ་ཆུང་ག་འདྲ་ཡོད། ཆབ་སྲིད་ཀྱི་འགྲོ་སྟངས་ག་འདྲ་ཆགས་ཡོད། དེ་ནས་སྡེ་པ་གཙང་པའི་སྐབས་ག་འདྲ་ཆགས་ཡོད། དུས་རབས་ ༡༦ ནས་༸རྒྱལ་དབང་དབང་སྐུ་ཕྲེང་ལྔ་པ་ནས་བཟུང་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བར་གནས་སྟངས་ག་འདྲ་ཆགས་ཡོད་པ་དེ་དག་ཚང་མ་ཡག་པོ་གཟིགས་ཐུབ་པ་ཡིན་ན། སེམས་ནང་བག་ཆགས་ཤིག་བསྡད་ཀྱི་རེད།
ངས་ལོ་རྒྱུས་གནས་བབ་ཤེས་དགོས་ཀྱི་རེད་ཅེས་བརྗོད་དགོས་དོན་ནི། དཔེར་ན་ངའི་པཱ་ལགས་ཨ་མདོ་ནས་ཡིན་ཟེར་གྱི་ཡོད། ང་ལ་ཨ་མདོ་ཁྱོན་ཡོངས་ཀྱི་ལོ་རྒྱུས་འགྲེལ་བཤད་བརྒྱབ་ཟེར་ན་ཁག་པོ་ཆགས་ཀྱི་ཡོད། ཁམས་ནས་ཡིན་པ་ཡིན་ནའང་ཁམས་ཁྱོན་ཡོངས་ཀྱི་ལོ་རྒྱུས་འགྲེལ་བཤད་བརྒྱབ་ཐུབ་རྒྱུ་ཕལ་ཆེར་ཁག་པོ་རེད། ངས་ད་བར་སྐད་ཆ་མང་པོ་དྲིས་པ་ཡིན་ཏེ་ཁམས་ཁྱོན་ཡོངས་ཀྱི་ལོ་རྒྱུས་དེབ་གཅིག་གི་ནང་ལྟ་རྒྱུ་ཡོད་པ་ཐོབ་མ་བྱུང་། བོད་ཀྱི་ལོ་རྒྱུས་ཕལ་ཆེ་བ་དབུས་དང་གཙང་དང་འབྲེལ་བ་ཆགས་ཡོད། ངས་འདི་ཞུ་དགོས་དོན་གཙོ་བོ་ནི། ང་རང་ཚོའི་སྤྱི་ཚོགས་ནང་ང་རང་ཚོའི་ལོ་རྒྱུས་གནས་བབ་ཡག་པོ་མ་ཤེས་པའི་རྒྱུ་མཚན་ལ་བརྟེན་ནས་ཕྱོགས་ལྷུང་མང་པོ་ཡོང་གི་ཡོད། ང་ཚོ་ནང་ཁུལ་རྩོད་དགོས་བྱུང་ན་ཨང་དང་པོ་རེད་འདུག གང་ཡིན་ཞེ་ན་ཕན་ཚུན་གཅིག་གིས་གཅིག་ལ་ཐུབ་ཀྱི་རེད་བསམ་གྱི་ཡོད་པ་རེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་པ་དང་མང་གཙོ་གསོལ་རས་སྩལ་བ་རེད། ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ཉིན་གནས་མཆོག་རྡོ་རྗེ་གདན་དུ་བོད་མི་རྣམས་འཛོམས་ནས་ཆོས་ལུགས་ཆོལ་གསུམ་དང་བཅས་པས་བླང་དོར་ཞུ་བྱའི་མནའ་གན་མཐུ་མོ་ཆེ་བཞག་སྟེ་༸གོང་ས་མཆོག་གིས་བཀའ་གང་གནང་བ་ཡིན་ནའང་བོད་ཆོལ་ཁ་གསུམ་གྱི་ལྷ་སྡེ་མི་སྡེ་ཡོངས་ནས་བཀའ་གསུང་ཅི་སྒྲུབ་ཞུ་གི་ཡིན་ཞེས་དམ་བཅའ་ཕུལ་བ་རེད། དམ་བཅའ་ཕུལ་ནས་ལས་ཀ་དེ་ལྡོག་ཕྱོགས་བྱེད་ཀྱི་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་ཡོང་གཞིའི་ལས་ཀ་ཁོ་ན་བྱེད་པ་ཡིན་ན། བླ་མའི་བཀའ་དྲིན་འཇལ་རྒྱུའི་ཚབ་ཏུ་ཉེས་དམིགས་ཀྱི་ལས་ཀ་མང་བ་བྱེད་བཞིན་འདུག དེར་བརྟེན་ལོ་རྒྱུས་ཀྱི་གནས་བབ་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་ངས་དུས་རྟག་ཏུ་རྗོད་བཞིན་ཡོད། ཅེས་དང་།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ང་ཚོ་ཚང་མ་བོད་པ་ཡིན་པ་དང་། བོད་མི་ཡིན་པའི་ཆ་ནས་ལས་འགན་གང་ཙམ་ཡོད་པ། རང་ཉིད་གཅིག་པུའི་འཚོ་བ་སྐྱེལ་རྒྱུ་ཙམ་མ་ཡིན་པར་བོད་སྤྱི་པའི་རྩ་དོན་ཐོག་ལས་འགན་སྒྲུབ་དགོས། འདི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནང་གི་རེད་ཟེར་ནས་བཞག་པ་ཡིན་ན་འགྲིག་ཐབས་མེད། ད་ཆ་ང་ཚོའི་སྤྱི་ཚོགས་ནང་རྙོག་གྲ་མང་པོ་ཡོང་བཞིན་པ་དེ་དག་མང་ཚོགས་ནང་ཆབ་སྲིད་སོགས་ཀྱི་གོ་རྟོགས་མཐིལ་ཕྱིན་པ་མེད་པའི་རྒྱུ་མཚན་ལ་བརྟེན་ནས་གཞན་གྱིས་གང་བཤད་པ་དེ་དག་བདེན་པར་འཛིན་པ་ཙམ་ལས་སོ་སོའི་རྣམ་དཔྱོད་ཀྱི་རྩལ་བཏོན་ནས་འདི་རེད་དང་འདི་མ་རེད་ཅེས་ཐག་གཅོད་བྱེད་རྒྱུའི་ནུས་པ་མེད་པའི་རྒྱུ་མཚན་ལ་བརྟེན་ནས་ཡོང་གི་ཡོད། དེ་བཞིན་ཕྱོགས་ལྷུང་ཧ་ཅང་ཤུགས་ཆེན་པོ་བྱེད་ཀྱི་འདུག ཕྱོགས་ལྷུང་བྱེད་ན་ཕན་རྒྱུ་གང་ཡོད། གལ་ཏེ་ཕྱོགས་ལྷུང་བྱེད་ན་བོད་བསྟན་པ་ཆབ་སྲིད་དང་མི་རིགས་ལ་ཕན་གྱི་ཡོད་ན་ཇི་ཙམ་བྱེད་པ་ཡིན་ནའང་འགྲིག་པ་རེད། འདིས་བོད་རྩ་དོན་ལ་ཕན་རྒྱུའི་ཚབ་ལ་གནོད་ཀྱི་ཡོད་པ་རང་བཞིན་གྱིས་ཆགས་ཀྱི་ཡོད།
ད་ལྟའི་དུས་སུ་ང་ཚོར་གོ་སྐབས་ཧ་ཅང་བཟང་པོ་ཡོད། རྒྱ་གར་དང་ཨ་རིའི་གཞུང་གིས་རྒྱ་ནག་ལ་དོ་སྣང་ཧ་ཅང་ཤུགས་ཆེན་པོ་བྱེད་ཀྱི་ཡོད། དེ་བཞིན་ཡུ་རོབ་ནང་རྒྱ་ནག་ལ་ལྟ་ཕྱོགས་རིམ་བཞིན་འགྱུར་བཞིན་ཡོད་སྟབས། ང་ཚོས་གོ་སྐབས་བླངས་ཏེ་བོད་དོན་ངོ་སྤྲོད་དང་བོད་དོན་ལ་རྒྱབ་སྐྱོར་འཚལ་རྒྱུ་སོགས་མང་དག་ཅིག་བྱེད་རྒྱུ་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་དྲི་བར་ལན་འདེབས་ཞིབ་ཕྲ་གནང་ཡོད། །