༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༢ རེས་གཟའ་ཟླ་བའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཀམ་པུ་ཊར་སྡེ་ཚན་གྱི་ཚོགས་ཁང་དུ་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག རྒྱ་ནག་གཞུང་གིས་བོད་ཐོག་འཁྱོག་བཤད་ཀྱི་གནས་ཚུལ་སྤེལ་བ་རྣམས་ལ་ཨརྱ་ཚེ་དབང་རྒྱལ་པོ་ལགས་དེ་སྔ་ཕྱི་དྲིལ་དྲུང་ཆེ་ཡིན་སྐབས་ལན་འདེབས་ཀྱི་རྩོམ་ཡིག་སྤེལ་བ་རྣམས་ཕྱོགས་བསྒྲིགས་ཀྱིས་ (Harnessing The Dragon’s Fume:Challenging the Chinease Communist Party’s distorted Tibet narratives) ཞེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་གནང་ཡོད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། དྲིལ་བསྒྲགས་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། དྲ་ཐོག་ནས་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་དང་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་བཅས་ལྷན་འཛོམས་ཀྱིས་ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་གསུང་དོན། བོད་དོན་བདེན་མཐའ་གསལ་ཐབས་སུ་རྩོམ་ཡིག་སྤེལ་བ་ཙམ་མ་ཟད། དེ་དག་ཕྱོགས་བསྒྲིགས་གནང་སྟེ་པར་བསྐྲུན་བརྒྱུད་ཕྱིས་སུ་ལོ་རྒྱུས་ཁྲོད་དང་གཞོན་སྐྱེས་རྣམས་ལ་ཐུགས་ཕན་གསོ་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད། ཐེངས་འདིར་དཔེ་དེབ་དབུ་འབྱེད་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་དང་། ཕྱི་དྲིལ་དྲུང་ཆེ་རྣམ་གཉིས་བཅས་མཉམ་ཞུགས་གནང་ཐུབ་པ་འདིས་དཔེ་དེབ་དེ་གལ་ཆེན་པོ་དང་ནུས་པ་ཆེན་པོ་ཞིག་རྩི་བཞིན་ཡོད་པ་མངོན་གསལ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།དེ་རྗེས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དཔེ་དེབ་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་དོན། རྒྱ་ནག་གཞུང་གིས་བོད་དོན་དང་འབྲེལ་བའི་འཁྱོག་བཤད་ཀྱི་གནས་ཚུལ་སྤེལ་བའི་སྐབས་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བའི་ངོ་བོ་ཐོག་དང་། དེ་བཞིན་བོད་མི་ཞིག་ཡིན་པའི་ཆ་ནས་སྒེར་གྱི་ངོས་ནས་ལོ་རྒྱུས་ཀྱི་གནས་བབ་དང་བོད་ནང་གི་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་བྱས་ཏེ་རྒྱ་ནག་གཞུང་གི་འཁྱོག་བཤད་ལ་སྐབས་དང་དུས་སོ་སོར་ལན་འདེབས་ཀྱི་ཚུལ་དུ་རྩོམ་ཡིག་མང་པོ་ཞིག་སྤེལ་བ་རྣམས་ཕྱོགས་བསྒྲིགས་ཀྱིས་ད་ཆ་དཔེ་དེབ་ཅིག་འདོན་སྤེལ་གནང་ཡོད།
ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་འདི་རིགས་ལ་ཐུགས་སྣང་གནང་བར་ངས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། བོད་མི་ཚང་མས་འདི་རིགས་ལ་དོ་སྣང་བྱས་ཏེ་རྒྱ་ནག་གཞུང་གིས་སྤེལ་བའི་འཁྱོག་བཤད་རྣམས་ཞིབ་འཇུག་གིས་བོད་ཀྱི་དངོས་ཡོད་གནས་སྟངས་རྣམས་ཤེས་དགོས་རྒྱུ་གལ་ཆེན་པོ་ཡིན་པ་ཙམ་མ་ཟད། སྤྱི་ཚོགས་ཁྲོད་དེ་དག་གོ་རྟོགས་སྤེལ་དགོས། དཔེ་དེབ་འདི་བཞིན་སྒེར་གྱི་བསམ་ཚུལ་ཡིན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་གལ་ཆེན་པོ་བརྩིས་ཏེ་པར་སྐྲུན་གནང་བ་དང་སྦྲགས་དབུ་འབྱེད་མཛད་སྒོའི་ཐོག་མགྲོན་འབོད་ལྟར་བཅར་ཐུབ་པར་ཧ་ཅང་དགའ་པོ་བྱུང་། སླར་ཡང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་གསུངས།དེ་ནས་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་གསུང་དོན། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲོད་ད་ལྟའང་བོད་དོན་ཐོག་འཁྱོག་བཤད་ཀྱི་གནས་ཚུལ་མང་པོ་ཞིག་སྤེལ་བཞིན་ཡོད། ཉེ་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ངོས་འཛིན་བདག་དབང་སྐོར་འཁྱོག་བཤད་ཀྱི་གནས་ཚུལ་སྤེལ་ཡོད། བོད་མི་ངོས་ནས་རྒྱ་ནག་གཞུང་གི་འཁྱོད་བཤད་རྣམས་ལ་གདོང་ལེན་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། ལོ་རྒྱུས་གནས་བབ་ལ་དཔྱད་པ་བྱེད་པ་དང་ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་པའི་ཐོག་ནས་རྒྱ་གཞུང་གིས་སྤེལ་བའི་འཁྱོག་བཤད་དག་ལ་ལན་འདེབས་དགོས། རྒྱ་ནག་གཞུང་གིས་སྤེལ་བའི་གནས་ཚུལ་རྣམས་དོ་སྣང་དང་འབྲེལ་ཞིབ་འཇུག་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ངས་སྤེལ་བའི་རྩོམ་རྣམས་ཕྱོགས་བསྒྲིགས་ཀྱིས་དཔར་སྐྲུན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།
མཐར་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས། །