༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༢༦ ཉིན་བོད་དང་། ཡུ་གུར། ལྷོ་སོག ཧོང་ཀོང་། རྒྱ་ནག་གི་མང་གཙོ་བཅས་ལ་རྒྱབ་སྐྱོར་གནང་མཁན་ཉི་ཧོང་གྲོས་ཚོགས་རྒྱབ་སྐྱོར་ཚོགས་པ་ཁག་གི་གོ་སྒྲིག་འོག་ཉི་ཧོང་གི་གྲོས་ཚོགས་གོང་མའི་ཚོགས་ཁང་དུ་བོད་ནང་གི་གནས་སྟངས་དང་འབྲེལ་བའི་ཉན་ཞིབ་ཀྱི་ཚོགས་འདུ་ཚོགས་ཡོད་པ་དང་། སྐབས་དེར་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་དང་འབྲེལ་བའི་སྐོར་བོད་ནི་དབང་སྒྱུར་བྱས་པའི་རྒྱལ་ཁབ་ཅིག་ཡིན། ཞེས་པའི་འགོ་བརྗོད་འཁོད་པའི་ཤོག་གྲངས་དགུ་ཅན་གྱི་སྙན་ཐོ་ཞིག་ཕུལ་གནང་ཡོད།
ཉི་ཧོང་གི་ཆབ་སྲིད་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་དང་ལས་བྱེད་གྲངས་ ༤༠ ཙམ་ཉན་ཞིབ་ཚོགས་འདུར་མཉམ་ཞུགས་གནང་ཡོད་པ་མ་ཟད། ཁོང་རྣམ་པས་བོད་དང་། ཡུ་གུར། ལྷོ་སོག ཧོང་ཀོང་། རྒྱ་ནག་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་ཧ་ཅང་དོ་སྣང་ཆེན་པོའི་སྒོ་ནས་ཉན་ཞིབ་གནང་ཡོད། ཉི་ཧོང་གྲོས་ཚོགས་ཡུ་གུར་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཧྥུ་རུ་ཡ་ཀེ་ཇི་ (Furuya Keiji) ལགས་ཀྱིས་ཉན་ཞིབ་དབུ་འབྱེད་དང་འབྲེལ་ས་ཕྱོགས་གང་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བ་ཡིན་ན་དེར་བཟོད་བསྲན་བྱེད་མི་ཐུབ། ཅེས་དང་། ཉི་ཧོང་གྲོས་ཚོགས་རྒྱབ་སྐྱོར་ཚོགས་པ་ཁག་གིས་མཉམ་རུབ་ཐོག་ཕྱག་ལས་གནང་སྟེ་གནད་དོན་འདིའི་ཐད་རྒྱ་ནག་ལ་ཉེན་བརྡ་དང་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ་རྒྱུ་ཡིན། ཞེས་གསུངས།ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཞི་མོ་མུ་ར་ཧ་ཀུ་བྷུན་ (Shimomura Hakubun) མཆོག་གིས་བོད་དོན་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཐད་རྒྱབ་སྐྱོར་ཤུགས་ཆེ་གནང་རྒྱུ་ཡིན། ཞེས་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་མཆོག་ཉི་ཧོང་ནང་ཕེབས་ཏེ་ཉི་ཧོང་གི་གྲོས་ཚོགས་ཁང་དུ་བཀའ་སློབ་གསུང་བཤད་གནང་ཡོད། ཉི་ཧོང་ལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ཡོད། ཅེས་གསུངས།
དེ་བཞིན་ཉི་ཧོང་གི་གྲོས་ཚོགས་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་བཅས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་ཤུགས་ཆེ་གསུངས་ཡོད།སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉན་ཞིབ་ཀྱི་ཚོགས་འདུ་གོ་སྒྲིག་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་བོད་ནི་དབང་སྒྱུར་བྱས་པའི་རྒྱལ་ཁབ་ཅིག་ཡིན། ཞེས་པའི་ཤོག་གྲངས་དགུ་ཅན་གྱི་སྙན་ཐོ་ཞིག་ཕུལ་གནང་ཡོད། སྙན་ཐོ་དེའི་ནང་ཉེ་ཆར་རྒྱ་ནག་གིས་བོད་མི་རྣམས་ལ་དྲག་གནོན་དང་མནར་སྤྱོད་བཏང་བའི་འདྲ་པར་དང་གནས་ཚུལ་རྣམས་འཁོད་ཡོད། སྐབས་དེར་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གིས་བོད་མཐོ་སྒང་དམག་ས་ལྟ་བུར་སྒྱུར་བཞིན་པ་དང་། བོད་མིའི་དགོན་སྡེ་ཁག་དང་སློབ་གྲྭ་ཁག་སྒོ་བརྒྱབ་པ། རྒྱ་གར་དང་འབྲུག་གི་ས་མཚམས་ཁུལ་དུ་བཙན་དབང་གིས་བོད་མི་རྣམས་གཞིས་ཆགས་བཅུག་པ་བཅས་ལ་བརྟེན་ནས་བོད་ཀྱི་ས་ཁུལ་ཡོངས་རྫོགས་ཛ་དྲག་གི་གནས་སྟངས་ཆགས་ཡོད་པའི་སྐོར་གསུངས། གཞན་ཡང་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་རྒྱ་ནག་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཞེས་པའི་སློབ་གསོའི་ལས་འགུལ་སྤེལ་ཏེ་བོད་ཀྱི་བྱིས་པ་རྣམས་ལ་དམག་སྦྱོང་སྤྲད་པ་དང་། ཆོས་ལུགས་ཀྱི་བྱེད་སྒོ་ཁག་གི་ནང་མཉམ་ཞུགས་བྱེད་དུ་འཇུག་གི་མེད་པ། བསམ་བློ་བསྒྱུར་བཅོས་ཀྱི་སློབ་གསོ་སྤེལ་བཞིན་པ་སོགས་ཀྱི་སྐོར་གསུངས།ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སྐུ་ཞབས་ནཱ་གའོ་བཀྲ་ཀ་ཤིས་ (Mr. Nagao Takashi) ལགས་ཀྱིས་ཉན་ཞིབ་ཀྱི་ཚོགས་འདུ་གཙོ་སྐྱོང་དང་ཚོགས་བཅར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་ཡོད། ཕྱོགས་མཚུངས་ཁོང་གིས་ཉི་ཧོང་ནང་སྟོན་ཁའི་གྲོས་ཚོགས་འཚོགས་སྐབས་ཐེངས་འདིའི་ཉན་ཞིབ་སྐོར་ངོ་སྤྲོད་གནང་རྒྱུ་ཡིན། ཞེས་གསུངས།
ཉན་ཞིབ་ཀྱི་ཚོགས་འདུ་གྲོལ་རྗེས་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་རྒྱལ་ཁབ་གཞན་གྱི་སྐུ་ཚབ་རྣམ་པས་སོ་སོའི་ལུང་པའི་དངོས་ཡོད་གནས་སྟངས་སྐོར་གསར་འགོད་པ་རྣམས་ལ་ངོ་སྤྲོད་གཟབ་རྒྱས་གནང་ཡོད། ཉན་ཞིབ་ཀྱི་ཚོགས་འདུར་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་ལྷན་དུ་ཉི་ཧོང་བོད་རིགས་ཚོགས་པའི་སྐུ་ཚབ་བསྟན་འཛིན་ཀུན་དགའ་ལགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྐུ་ཚབ་ཚེ་རིང་རྡོ་རྗེ་ལགས་བཅས་མཉམ་ཞུགས་གནང་ཡོད།།