༄༅། །ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་གིས་རེས་གཟའ་སྤེན་པའི་བོད་ཡིག་འཛིན་གྲྭ་ཞིག་འགོ་འཛུགས་གནང་ཡོད་པ་དང་། རེས་གཟའ་སྤེན་པའི་བོད་ཡིག་འཛིན་གྲྭར་དངོས་སུ་འཛུལ་ཞུགས་གནང་མཁན་དང་དྲ་ལམ་བརྒྱུད་འཛུལ་ཞུགས་གནང་མཁན་གཉིས་བྱུང་བའི་ཁྲོད་ནས་ཕལ་ཆེ་བ་དྲ་ལམ་བརྒྱུད་འཛུལ་ཞུགས་གནང་ཡོད། ན་ནིང་ལོར་ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་བོད་ཡིག་འཛིན་གྲྭ་ཚོགས་ཐུབ་མེད། འབྲེལ་ཡོད་མི་ཉུང་བ་ཞིག་གིས་རེ་སྐུལ་གནང་བ་ལྟར་འདི་ལོར་བོད་ཡིག་འཛིན་གྲྭ་དྲ་ཐོག་ནས་མང་ཙམ་དང་འཛིན་གྲྭ་དངོས་སུ་འཚོགས་རྒྱུ་ཉུང་ཙམ་གནང་རྒྱུའི་ཐག་གཅོད་གནང་ཡོད། ཉི་ཧོང་གི་ཤིས་མན་ (Shimane) དང་ཨོ་ཀི་ནཱ་ཝའི་ (Okinawa) ས་ཁུལ་སོགས་ནས་སློབ་ཕྲུག་མི་ཉུང་བ་ཞིག་དྲ་ཐོག་གི་བོད་ཡིག་འཛིན་གྲྭར་འཛུལ་ཞུགས་གནང་ཡོད།དེ་ཡང་ཉི་ཧོང་སྐུ་ཚབ་དོན་གཅོད་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་དྲ་ཐོག་ནས་བོད་ཡིག་འཛིན་གྲྭར་འཛུལ་ཞུགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་བོད་ཀྱི་ཆོས་དང་རིག་གཞུང་སྐོར་གྱི་གོ་རྟོགས་ཆུ་ཚད་མཐོ་རུ་གཏོང་བར་གླེང་མོལ་དང་འབྲི་ཀློག་གི་འཛིན་གྲྭ་དེ་ཡིས་ཏན་ཏན་ཕན་གྲོགས་བྱེད་ཐུབ་ཀྱི་ཡོད། ཅེས་དང་། ཕྱིའི་ལུང་པའི་རིག་གཞུང་དང་སྲོལ་རྒྱུན་སོགས་རྟོགས་པར་སྐད་ཡིག་ནི་ལག་ཆ་གལ་ཆེན་པོ་ཞིག་ཆགས་ཡོད་སྟབས། ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་གི་ངོས་ནས་རེས་གཟའ་སྤེན་པའི་བོད་ཡིག་འཛིན་གྲྭ་བརྒྱུད་བོད་ཀྱི་ཆོས་དང་། རིག་གཞུང་། ལོ་རྒྱུས་སོགས་ཀྱི་སྐོར་མཁྱེན་རྟོགས་སླད་རམ་འདེགས་གང་ཐུབ་ཞུ་རྒྱུ་ཡིན། ཞེས་གསུངས།ཏོག་དབྱིབས་གཉན་རིམས་ཀྱི་ཉེན་ཁ་ཡོད་མེད་ལ་མ་ལྟོས་པར་སློབ་ཕྲུག་རྣམས་ཀྱིས་རེས་གཟའ་སྤེན་པའི་བོད་ཡིག་འཛིན་གྲྭར་མཉམ་ཞུགས་གནང་ཐུབ་པར་དགའ་ཚོར་བྱུང་བའི་སྐོར་གསུངས་ཡོད། སློབ་ཕྲུག་ཁག་གཅིག་གིས་བོད་ཀྱི་སྐད་ཡིག་འཛིན་གྲྭ་བརྒྱུད་བོད་ཀྱི་རིག་གཞུང་ཕྱུག་པོ་དང་བོད་དོན་སྐོར་རྟོགས་ཐུབ་པའི་རེ་བ་རྒྱག་གི་ཡོད་སྐོར་གསུངས། ཉི་ཧོང་སྐུ་ཚབ་དོན་གཅོད་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་། ཕྱག་རོགས་འཇིགས་མེད་ཚེ་བརྟན་ལགས། དང་བླངས་ལས་བྱེད་གཉིས་བཅས་ནས་བོད་ཡིག་འཛིན་གྲྭ་གོ་སྒྲིག་དང་འཆར་འགོད་གནང་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།