༄༅། །རྒྱ་གར་ལྷོ་ཕྱོགས་ཀརནཱ་ཊཀ་མངའ་སྡེ་གཞུང་གི་མཐུན་འགྱུར་འོག་ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༢༣ ཉིན་ནས་འགོ་འཛུགས་ཀྱིས་སྦེལ་ཀོབ་ལུགས་བསམ་ཚོགས་ཁང་དུ་བོད་མི་རང་ལོ་ ༡༨ ནས་ ༤༤ བར་ལ་ཏོག་དབྱིབས་གཉན་རིམས་སྔོན་འགོག་སྨན་ཁབ་རིམ་པ་གཉིས་པ་རིན་མེད་ཐོག་རྒྱག་འགོ་བཙུགས་ཡོད།
དེ་ཡང་ཕྱི་ཚེས་ ༢༣ ཉིན་བོད་མི་གྲངས་ ༢༡༨ དང་། ཕྱི་ཚེས་ ༢༤ ཉིན་ཁྱོན་བོད་མི་གྲངས་ ༦༡༠ ལ་སྔོན་འགོག་སྨན་ཁབ་རིམ་པ་གཉིས་པ་བརྒྱབ་ཐུབ་པ་བྱུང་ཡོད་པ་མ་ཟད། སྔོན་འགོག་སྨན་ཁབ་མ་བརྒྱབ་པའི་གོང་ཏོག་དབྱིབས་གཉན་རིམས་ཕོག་ཡོད་མེད་བརྟག་དཔྱད་ཀྱང་གནང་ཡོད།
ཉིན་གྲངས་གཉིས་རིང་སྔོན་འགོག་སྨན་ཁབ་རྒྱག་སྐབས་པྲི་ཡ་པཊ་ནཱ་རྫོང་སྨན་ཁང་(Periyapatna Taluk Hospital ) གྱི་འབྲེལ་ཡོད་ལས་བྱེད་དང་། སྦེལ་ཀོབ་ས་གནས་སྨན་ཁང་གི་ལས་བྱེད། དེ་བཞིན་འཚོ་བྱེད་ཁང་གསར་སྨན་ཁང་དང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད། གཞིས་གྲོང་ཁག་གི་སྤྱི་མི་བཅས་ནས་མཐུན་འགྱུར་གནང་ཡོད།
ཕྱི་ཚེས་ ༢༣ ཉིན་རྣམ་གྲོལ་གླིང་དགོན་པས་ས་གནས་ཨ་པོ་ལོ་སྨན་ཁང་གི་འབྲེལ་ཡོད་ལས་བྱེད་ཆེད་འབོད་ཀྱིས་དགོན་པའི་གྲྭ་བཙུན་གྲངས་ ༡༢༠༠ ལ་སྔོན་འགོག་སྨན་ཁབ་བརྒྱབ་ཡོད་པ་བཅས། །