༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་ཧུན་སུར་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་ཟུང་འབྲེལ་གྱིས་ཕྱི་ལོ་ ༢༠༡༤ ནས་རང་རིགས་མཐོ་སློབ་ཐོན་མཁན་རྣམས་ལ། བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟླ་དྲུག་ཟབ་ཁྲིད་འགོ་བརྩམས་ཏེ་ད་ལན་ཟབ་ཁྲིད་ཐེངས་བརྒྱད་པ་འདི་བཞིན་ཕྱི་ལོ་ ༢༠༢༡ ཟླ་ ༠༨ ཚེས་ ༡༦ ཉིན་དབུ་འབྱེད་མཛད་སྒོ་བསྐྱངས་ཡོད་པ་རེད། དེ་ཡང་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་བཟང་པོ་མཆོག་གིས་གཙོས། བོད་མི་མང་སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་དང་། ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་དང་ས་གནས་འགོ་འཛིན་གཅིག་ལྕོགས་ཐུབ་བསྟན་ཚེ་རིང་ལགས། སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་རྗེ་བཙུན་ངག་དབང་སངས་རྒྱས་ལགས། ཕྱག་མཛོད་དང་སློབ་སྤྱི་བཅས་མཛད་སྒོར་ཆེད་ཕེབས་ཀྱིས། རང་རང་གི་གསུང་བཤད་གནང་བའི་ནང་དོན་གཙོ་བོར་བོད་ཆོས་ལྡན་ཞིང་གི་གཅེས་ནོར་ཆོས་དང་རིག་གཞུང་གལ་གནད་སྐོར་དང་། དེ་དག་མི་ཉམས་རྒྱུན་འཛིན་ཇི་ལྟར་གནང་ཚུལ་ལས་བརྩམས་པའི་གསུང་བཤད་གནད་ལ་འཁེལ་བ་གནང་ཡོད།ཟབ་ཁྲིད་ཐེངས་བརྒྱད་པ་འདིར་འཛུལ་ཞུགས་གནང་མཁན་སློབ་ཕྲུག་ཕོ་མོ་ངོ་ཡོད་གྲངས་ ༢༨ བདེ་འབྱོར་བྱུང་ཡོད་པ་དང་། དེ་ཡང་མཉམ་ཞུགས་པ་རྣམས་ཕྱི་ལོ་ ༢༠༢༡ ཟླ་ ༠༨ ཚེས་ ༠༡ ཉིན་ཧུན་སུར་ས་གནས་སུ་འབྱོར་ཏེ་དང་ཐོག་ས་གནས་འགོག་དབྱེ་ཟུར་འཇོག་ཁང་དུ་ཉིན་གྲངས་ ༡༤ རིང་ཟུར་བཀག་བསྡད་ཡོད་པ་དང་། དེ་རྗེས་ཏོག་དབྱིབས་ནད་རྟགས་ཡོད་མེད་བརྟག་དཔྱད་གནང་སྟེ་སློབ་ཕྲུག་ཆ་ཚང་ནད་གཞི་ཐོན་མེད། ཐེངས་འདིའི་ཟབ་ཁྲིད་འདི་བཞིན་ཕྱི་ལོ་ ༢༠༢༢ ཟླ་ ༠༡ ཚེས་ ༣༡ བར་ཟླ་བ་དྲུག་རིང་འཚོགས་རྒྱུ་ཡིན་ཞིང། ཟླ་དྲུག་ཟབ་ཁྲིད་ཀྱི་བསླབ་གཞིར་བོད་ཀྱི་སྐད་ཡིག་སུམ་རྟགས་དག་གསུམ་དང་སྙན་ངག ནང་དོན་རིག་པའི་ཁོངས་བློ་རིག་དང་རྟགས་རིགས་ཀྱིས་མཚོན་རིགས་ལམ་སློབ་ཁྲིད་དང་རྩོད་པ། ནང་པའི་གཞུང་ཆེན་སློབ་ཚན་གྲུབ་མཐའ། དབུ་མ། ཕར་ཕྱིན། མཛོད་བཅས་ཀྱི་བརྗོད་བྱ་སྙིང་པོ་བཏུས་ནས་བསླབ་གཞིར་གཏན་འབེབས་ལྟར་ཟབ་ཁྲིད་གནང་རྒྱུ་ཡིན་པ་རེད།
འདས་པའི་ཟླ་དྲུག་ཟབ་ཁྲིད་བདུན་ཚོགས་ཟིན་པའི་ནང་སློབ་ཕྲུག་ཚོོར་ནང་ཆོས་ཀྱི་གོ་རྟོགས་གོང་འཕེལ་དང་དེའི་མཐུས་སློབ་ཕྲུག་གི་བསམ་བློའི་གནས་ཚད་དང་ཀུན་སྤྱོད་འཁྱེར་ཕྱོགས་སོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཐེབས་པའི་གཟིགས་ཚུལ་བྱུང་ཡོད།།