༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༦ ཉིན་འཛམ་གླིང་ཞི་བདེའི་དེད་དཔོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༦ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་དེ་བཞིན་ཨོ་སི་ཊི་ལི་ཡའི་རྒྱལ་ས་ཁན་བྷེ་ར་ (Canberra) བོད་རིགས་ཚོགས་པའི་གོ་སྒྲིག་འོག་ས་གནས་བོད་མི་ཚོས་གཞུང་གི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལམ་སྟོན་ཁག་ལ་བརྩི་སྲུང་ཞུས་པའི་ཐོག་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཨོ་སི་ཀྲོ་ལི་ཡའི་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་ཀྱིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་བ་དང་འབྲེལ། མགོན་པོ་གང་ཉིད་མཆོག་གིས་བརྩེ་བ་དང་བྱམས་སྙིང་རྗེ་ཐོག་སྩལ་བའི་བཀའ་སློབ་རྣམས་ཉམས་ལེན་དགོས་གལ་ཆེན་པོ་ཡིན་སྐོར་དང་། ང་ཚོའི་ངོས་ནས་མགོན་པོ་གང་ཉིད་ལ་༸སྐུའི་འཁྲུངས་སྐར་ཕྱག་རྟགས་ཡག་ཤོས་ནི་དགེ་བའི་ལས་ལ་བརྩོན་རྒྱུ་དང་གཞན་ཕན་སྒྲུབ་རྒྱུ་དེ་རེད། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་བལ་འབྲུག་གསུམ་ནང་གི་བོད་མིའི་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་སེལ་སླད་རོགས་རམ་གནང་དགོས་པའི་འབོད་སྐུལ་གནང་བ་ལྟར་ས་གནས་བོད་མི་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་སུ་ཞལ་འདེབས་ཕུལ་བར་ཐུགས་རྗེ་ཆེ་ཞུས་ཡོད། སྐབས་དེར་༸རྒྱལ་བའི་༸སྐུ་ཚེ་ཞབས་པད་བསྐལ་བརྒྱར་ཆེད་སྤྱན་རས་གཟིགས་ཀྱི་གཟུང་སྔགས་མ་ཎི་ཡིག་དྲུག་གསོག་སྒྲུབ་ཞུས་ཡོད།དུས་བཟང་ཁྱད་པར་ཅན་དུ་ཨོ་སི་ཊི་ལི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་སྐུ་ཞབས་ཝ་རན་ཨིན་ཆི་ (Warren Entsch) མཆོག་གིས་བརྙན་ཐུང་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༦ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་གྲངས་མེད་ཞུས་པ་འབྲེལ་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུས་གནང་། ཕྱོགས་མཚུངས་གྲོས་ཚོགས་འཐུས་མི་ལྕམ་སུ་སན་ཊེམ་པོལ་མན་ (Susan Templeman) མཆོག་གིས་ངོ་དེབ་བརྒྱུད་མགོན་པོ་མཆོག་ལ་འཚམས་འདྲི་ཞུས་དོན། མགོན་པོ་མཆོག་ལ་གུས་བརྩི་ཆེན་པོ་ཞུས་པའི་ཐོག ད་ཆ་ང་ཚོའི་སྤྱི་ཚོགས་ནང་ཤིན་ཏུ་དགོས་མཁོ་ཆེ་བའི་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གྱིས་གཙོས་གཞན་བྱ་གཞག་བཟང་པོའི་བརྒྱུད་འཛམ་གླིང་མང་ཚོགས་ཁྲོད་སེམས་སྐུལ་ཤུགས་ཆེ་སྤྲད་པར་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་འཁོད།
གཞན་ཡང་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་གཅིག་གིས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་གནང་ཡོད་པ་བཅས། །