༄༅། །ཨུ་རུ་སུ་དང་། སོག་ཡུལ། དེ་བཞིན་ཨུ་རུ་སུ་དང་དེ་སྔོན་སྤྱི་མཐུན་རྒྱལ་ཁབ་ (Commonwealth of Independent State) ཁག་གི་ནང་ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༦ ལ་ཕེབས་པའི་ྋསྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་དང་བསྟུན། ༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོའི་ལས་རིམ་མཇུག་སྡོམ་ཞུས་གནང་ཡོད།
དེ་ཡང་སོག་ཡུལ་དུ་གནས་སྡོད་བོད་མི་རྣམས་གཞུང་འབྲེལ་མིན་པའི་ལྟེ་གནས་ (Asral) ཞེས་པ་དེར་འདུ་འཛོམས་ཀྱིས་༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་རྟེན་འབྱུང་མཇལ་དར་སྒྲོན་འབུལ་ཞུས་པ་དང་སྦྲགས་དུས་ཆེན་སྲུང་བརྩི་ཞུས་ཡོད། དེ་རྗེས་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་
ཉིན་རྒྱབ་ཁལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུས་ནང་བསྟན་དགོན་པའི་གྲྭ་པ་དང་། ཡུལ་དེར་གནས་སྟོད་བོད་མི་རྣམས་ཀྱིས་རྒས་གསོ་ཁང་དང་། དྭ་ཕྲུག་གསོ་སྐྱོང་ཁང་། དབང་པོ་སྐྱོན་ཅན་གྱི་ལྟེ་གནས། དེ་བཞིན་སྨན་ཁང་སོགས་སུ་ཕེབས་ཏེ་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གི་དུས་སྐབས་སུ་མདུན་དུ་ཐོན་ནས་ཕྱག་ལས་གནང་མཁན་དང་། ལས་བྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། མགོན་པོ་གང་ཉིད་སྐུ་ཚེ་བསྐལ་བརྒྱར་བརྟན་སླད་ཁལ་མུག་ཏུ་ཡོད་པའི་མཚོ་དང་། རྒྱུག་ཆུའི་ནང་ཉ་སོགས་སྲོག་བླུ་བཏང་ཡོད།བྷུ་རི་ཡ་ཐི་སྤྱི་མཐུན་རྒྱལ་ཁབ་ (Buryat Republic) ནི་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་ཀྱིས་རྐྱེན་པས་ཁྱིམ་སྡོད་བཀའ་རྒྱའི་དམ་བསྒྲགས་འོག་ཡོད་ནའང་། ས་གནས་བོད་མི་རྣམས་འདུ་འཛོམས་བྱས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཐུབ་པ་བྱུང་ཡོད།
དེ་བཞིན་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐུ་ཝ་ཡུལ་ (Tuva Republic) དུ་གནས་སྡོད་བོད་མི་རྣམས་ས་གནས་ཀྱི་སྤྱི་པའི་དགོན་པར་འདུ་འཛོམས་གནང་སྟེ་མགོན་པོ་གང་ཉིད་སྐུ་ཚེ་ཡུན་རིང་བརྟན་པའི་མཆོད་འབུལ་སྨོན་ལམ་ཚོགས་ཡོད།
དེ་བཞིན་ཡུ་ཀི་རིན་བོད་དོན་རྒྱབ་ཚོགས་པས་བརྡ་ཁྱབ་སྦྱར་པང་ཆེན་པོ་ཞིག་བཙུགས་ཏེ་དེའི་ཐོག་ཡུ་ཀི་རིན་སྐད་ཡིག་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་ཡོད། ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་ (Moscow) ནང་བོད་མི་ཉུང་ཤས་ལས་མེད་ཀྱང་སྤྱི་པའི་གླིང་ག་ཞིག་གི་ནང་འདུ་འཛོམས་ཀྱིས་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་མ་ཎི་ཡིག་དྲུག་བཏོན་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད།མོ་སི་ཁོ་ནང་རྟེན་གཞི་བྱས་པའི་བོད་སྐྱོབ་དགེ་རྩ་ཚོགས་པས་ (Save Tibet Foundation) དངོས་བྱུང་གློག་བརྙན་ (Joy: Finding happiness in Challenging Times) ཞེས་པ་དེ་ཐད་གཏོང་གནང་ཡོད་པ་དང་། མི་གཅིག་སྟོང་ལྷག་ཙམ་གྱིས་གློག་བརྙན་དེ་གཟིགས་ཡོད།
དེ་བཞིན་སྐུ་ཞབས་ནོར་མན་ (Alexander Norman) ལགས་ཀྱི་བརྩམས་གནང་བའི་དཔེ་དེབ་ (The Dalai Lama: An Extraordinary Life) ཞེས་པ་དེ་བོད་སྐྱོབ་དགེ་རྩ་ཚོགས་པས་ཨུ་རུ་སུའི་སྐད་ཡིག་ནང་ཕབ་སྒྱུར་ཞུས་ཡོད་པ་དང་། དཔེ་དེབ་དེ་བོད་སྐྱོབ་ཐེབས་རྩའི་འགན་འཛིན་གཞོན་པ་ལྕམ་ན་ཊ་ལི་ཡ་ (Natalia Inozemtseva) ལགས་ཀྱིས་དབུ་འབྱེད་གནང་བ་དང་སྦྲགས། ཏེ་ལོ་རིན་པོ་ཆེ་མཆོག་དང་། ཕྱག་དེབ་དེའི་རྩོམ་སྒྲིག་པ་གཙོ་བོ་བཅས་དང་ལྷན་དཔེ་དེབ་དེའི་ཐོག་དྲི་བ་དྲིས་ལན་གནང་ཡོད།གཞན་ཡང་སོག་ཡུལ་ནང་ཨུ་རུ་སུའི་འཁྲབ་ཁྲིད་པ་ཝི་ཊ་ལེ་མན་སི་ཀི་ (Vitaly Manski) ལགས་ཀྱིས་འཁྲབ་ཁྲིད་གནང་བའི་དངོས་བྱུང་གློང་བརྙན་ (Sunrise/Sunset ) ཞེས་པ་ཉི་མ་ཤར་བ་ནས་ཉི་མ་མ་ནུབ་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཉིན་གཅིག་གི་འཚོ་བ་མངོན་པའི་དངོས་བྱུང་གློག་བརྙན་དེ་སོག་ཡུག་བརྙན་འཕྲིན་ཨི་གྷེལ་ (Eagle) ཞེས་པའི་ཐོག་གཟིགས་ཕུལ་ཞུས་ཡོད། ཨུ་རུ་སུ་དང་། སོག་ཡུལ། དེ་བཞིན་ཨུ་རུ་སུ་དང་དེ་སྔོན་སྤྱི་མཐུན་རྒྱལ་ཁབ་ཁག་གི་ནང་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་ལ་མ་ལྟོས་པར་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོ་ཁྲིམས་མཐུན་ངང་ཞུས་ཏེ་ལེགས་གྲུབ་བྱུང་ཡོད་པ་བཅས། །