༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༡༥ ཉིན་ཨིན་ཡུལ་གྲོས་ཚོགས་འོག་མའི་ནང་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩེད་འགྲན་ཚོགས་སུ་ཨིན་ཡུལ་གྱི་གཞུང་འབྲེལ་སྐུ་ཚབ་མཉམ་ཞུགས་གནང་རྒྱུར་གཞུང་འབྲེལ་ཐོག་བཀག་སྡོམ་གནང་དགོས་པའི་གྲོས་འཆར་བཏོན་གནང་ཡོད། གྲོས་འཆར་བཏོན་གནང་མཁན་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཊིམ་ལུབ་ཊོན་ (Tim Loughton) མཆོག་ཡིན་ཞིང་། ཨིན་ཡུལ་གྱི་གྲོས་ཚོགས་འོག་མའི་ནང་གྲོས་འཆར་དེར་ཆུ་ཚོད་གཉིས་ཙམ་རིང་བགྲོ་གླེང་གནང་རྗེས་ཨིན་ཡུལ་གྱི་གྲོས་ཚོགས་འོག་མས་སྤྱི་མོས་ཐོག་ངོས་ལེན་གནང་ཡོད།
དེ་ཡང་སྐུ་ཞབས་ཊིམ་ལུབ་ཊོན་མཆོག་གིས། རྒྱ་ནག་གཞུང་གིས་མི་མང་ལ་གདུག་རྩུབ་གཏོང་བཞིན་ཡོད་པའི་སྐྱོན་བརྗོད་འོག་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩེད་འགྲན་ཚོགས་དེ་ཉིད་རྒྱ་ནག་ནང་འཚོགས་རྒྱུ་མེད། ཅེས་དང་། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་ནང་གདུག་རྩུབ་གཏོང་བཞིན་པ་མཚམས་འཇོག་མ་བྱེད་བར་དུ་ཨིན་ཡུལ་གཞུང་གིས་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩེད་འགྲན་ཚོགས་སུ་སྐུ་ཚབ་མཉམ་ཞུགས་ཀྱི་མགྲོན་ཤོག་ངོས་ལེན་གནང་རྒྱུ་མེད་པ་སོགས་ཀྱི་སྐོར་གསུངས་ཡོད། གཞན་ཡང་ཁོང་གིས་ཨ་རིའི་གཞུང་གིས་མང་མོས་ཐོག་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་ཀྱི་ཁྲིམས་གཏན་འབེབས་གནང་ཡོད། ང་ཚོས་ཅིའི་ཕྱིར་དེ་ལྟར་ཁྲིམས་གཏན་འབེབས་གནང་ཐུབ་ཀྱི་མེད་དམ། ཞེས་གསུངས།
ཨིན་ཡུལ་གྱི་མང་གཙོ་གུ་ཡངས་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་དང་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྕམ་སྐུ་ཝེ་ར་ཧོབ་ཧའོ་སི་ (Wera Hobhouse) མཆོག་གིས་སྐུ་ཞབས་ཊིམ་ལུབ་ཊོན་མཆོག་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་སྐུ་ཞབས་ཊིམ་ལུབ་ཊོན་མཆོག་གིས་རྒྱ་ནག་དམར་ཤོག་ཚོགས་པས་སོ་སོའི་མི་ས་ཡ་མང་པོའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་ཐེར་འདོན་གནང་བར་རྒྱབ་སྐྱོར་ཡོད་པ་སོགས་ཀྱི་སྐོར་གསུངས།
ཨིན་ཡུལ་རྙིང་ཞེན་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སི་མི་ཐི་ (Rt. Sir Iain Duncan Smith) མཆོག་གིས། རྒྱ་ནག་གིས་བོད་མི་དང་ཡུ་གུར་སོགས་ལ་དྲག་གནོན་བྱེད་བཞིན་ཡོད་སྟབས། ང་ཚོས་རང་དབང་དང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ལ་རྒྱབ་སྐྱོར་བྱེད་དགོས། ཞེས་གསུངས། ཨིན་ཡུལ་ངལ་རྩོལ་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་ན་ཝེན་དུ་མིཤ་ར་ (Navendu Mishra) མཆོག་གིས་ཕྱི་ལོ་ ༢༠༠༨ ལོར་ཨོ་རྩེད་འགྲན་ཚོགས་རྒྱ་ནག་ནང་ཚོགས་ཡོད། སྐབས་དེར་བོད་མི་སྟོང་ཕྲག་མང་པོས་གཞུང་ལམ་ཁག་ཏུ་ངོ་རྒོལ་གནང་སྐབས་རྒྱ་ནག་གཞུང་གིས་དྲག་གནོན་དང་བོད་མི་བརྒྱ་ཕྲག་མང་པོ་བསད་ཡོད། ཅེས་དང་། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་གཏོར་གཏོང་བཞིན་ཡོད་པ་སོགས་ཀྱི་སྐོར་གསུངས་ཡོད།ཨིན་ཡུལ་རྙིང་ཞེན་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་གྷ་ནི་ (Hon. Nusrat Ghani) མཆོག་གིས། ཨིན་ཡུལ་གྱི་གཞུང་འབྲེལ་མི་སྣ་དང་སྲིད་དོན་པ་པེ་ཅིང་ཨོ་རྩེད་འགྲན་ཚོགས་སུ་ཕེབས་པ་ཡིན་ན་དེས་ང་ཚོའི་ལངས་ཕྱོགས་ལ་འཕྱ་སྨོད་བྱེད་ཀྱི་ཡོད། ཅེས་གསུངས། དེ་བཞིན་ཨིན་ཡུལ་གྱི་གྲོས་ཚོགས་འཐུས་མི་གཞན་ཁག་གཅིག་མཉམ་ཞུགས་ཀྱིས་བགྲོ་གླེང་ལྷུག་པོ་གནང་ཡོད། ཕྱོགས་མཚུངས་ཨིན་ཡུལ་གྲོས་ཚོགས་འཐུས་མི་ཨེ་ཌམ་སི་ (Nigel Adams) མཆོག་གིས་མཇུག་སྡོམ་གསུང་བཤད་གནང་སྐབས་གསུང་དོན། རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་ཐོག་དམ་བསྒྲགས་དང་ངལ་རྩོལ་པ་གནས་སྤོ་གཏོང་བཞིན་པ་ཐུགས་འཚབ་ཡོད་པ་སོགས་ཀྱི་སྐོར་གསུངས།