༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༦ ཉིན་ཨ་ཡིར་ལན་ཌིའི་ (Ireland) གྲོས་ཚོགས་གོང་མའི་འཐུས་མི་མེལ་ཁོ་ལམ་ (Malcolm Byrne) མཆོག་གིས་ཨ་ཡིར་ལན་ཌིའི་གྲོས་ཚོགས་གོང་མའི་ནང་རྒྱ་ནག་དམར་ཤོག་གཞུང་གིས་བོད་དང་། ཡུ་གུར། ཧོང་ཀོང་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དང་མི་རིགས་སྡེབ་གསོད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་སྐོར་གསུངས་འདུག
དེ་ཡང་ཨ་ཡིར་ལན་ཌིའི་གྲོས་ཚོགས་གོང་མའི་འཐུས་མི་མེལ་ཁོ་ལམ་མཆོག་གིས། ད་ལྟ་རྒྱ་ནག་དམར་ཤོག་གཞུང་གིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ལོག་སྤྱོད་བྱེད་བཞིན་པ་དེ་མུ་མཐུད་ཐེར་འདོན་བྱེད་དགོས་པ་དང་། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་མི་སུ་གང་གིས་པེ་ཅིང་གི་བྱ་སྤྱོད་ལ་རྒྱབ་སྐྱོར་གནང་ཚེ། དེའི་འགན་ཡོངས་རྫོགས་རྒྱབ་སྐྱོར་གནང་མཁན་དོ་བདག་ལ་འཁུར་དུ་འཇུག་དགོས། ཞེས་དང་།
ཉེ་ཆར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ནས་རྒྱ་ནག་དམར་ཤོག་གཞུང་གིས་ཡུ་གུར་ནང་མུ་མཐུད་མི་རིགས་སྡེབ་གསོད་ཀྱི་སྲིད་བྱུས་ལག་བསྟར་སྤེལ་བཞིན་པ་དང་། དེ་བཞིན་བོད་ནང་གི་བོད་མིར་སྡུག་སྦྱོང་མནར་སྤྱོད་གཏོང་བཞིན་པའི་སྐོར་གནས་ཚུལ་ཞིབ་ཕྲ་བཀོད་ཡོད་པ་མཐོང་རྒྱུ་འདུག རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ལོར་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་བྱས་པ་ནས་བཟུང་རྒྱ་གཞུང་གིས་ཧོང་ཀོང་ནང་གི་ཁྲིམས་ལུགས་ཀྱི་རང་དབང་ཐོག་དམ་བསྒྲགས་དང་། དེ་བཞིན་ཆབ་སྲིད་ཁ་གཏད་པ་ཚོ་འཛིན་བཟུང་བྱས་དང་བྱེད་བཞིན་པ་ང་ཚོས་མཐོང་ཡོད། ཅེས་གསུངས།
གཞན་ཡང་ཁོང་གིས་བདུན་ཕྲག་རྗེས་མའི་རེས་གཟའ་ལྷག་པའི་ཉིན་རྩ་རླུང་སྒོམ་སྒྲུབ་ (Falung Gong) ཉམས་ལེན་པ་ཚོས་མི་མང་ཚོགས་ཁང་གི་ཕྱི་ལོགས་སུ་ངོ་རྒོལ་གནང་རྒྱུ་ཡིན་ཞིང་། ཁོང་ཚོས་རྒྱ་ནག་དམར་ཤོག་གཞུང་གིས་གྲངས་ཉུང་མི་རིགས་རྣམས་ལ་སྡུག་སྦྱོང་མནར་སྤྱོད་བཏང་དང་གཏོང་བཞིན་པའི་སྐོར་ཐེར་འདོན་གནང་གི་རེད། ངའི་རེ་བ་ལ་ཨ་ཡིར་ཤིིའི་དུས་བབ་ཚགས་ཤོག་གསར་ཁང་གིས་ང་ཚོར་དོ་སྣང་མང་ཙམ་དང་། དེ་བཞིན་ཨ་ཡིར་ཤིའི་དུས་བབ་ཚགས་ཤོག་གི་རྩོམ་སྒྲིག་པའི་གླེང་སྟེགས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་སྐོར་དྲིལ་བསྒྲགས་སྤེལ་བཞིན་པའི་སྐོར་དོ་སྣང་གནང་རོགས། ཞེས་གསུངས།
ཕྱོགས་མཚུངས་མེལ་ཁོ་ལམ་མཆོག་གིས་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ལ་ཨ་ཡིར་ལན་ཌི་དང་རྒྱ་ནག་གི་འབྲེལ་བ། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི། རྒྱ་ནག་དམར་ཤོག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་སོགས་གནད་དོན་ཁག་གཅིག་གི་ཐོག་བགྲོ་གླེང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་དང་།
ང་ཚོའི་བློན་ཆེན་ཇེ་ཀི་ཅམ་བྷེར་སི་ (Jack Chambers) མཆོག་གིས་ཕྲན་རང་ཉིད་ལ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སུ་ཨ་ཡིར་ལན་ཌིའི་གཞུང་འབྲེལ་སྐུ་ཚབ་ཕེབས་རྒྱུ་མིན་པའི་གཏན་འཁེལ་གནང་བྱུང་། ངས་ཐག་གཅོད་དེར་དགའ་བསུ་ཞུ་རྒྱུ་ཡིན། ཞེས་སོགས་གསུངས། །