༄༅། །སྦེལ་ཇམ་གྱི་ཧུ་ཡེ་ (Huy) གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཡོན་ཏན་གླིང་ནང་པའི་ཆོས་ཚོགས་སུ་ཉིན་གྲངས་ལྔའི་རིང་ཞི་གནས་ཀྱི་ལས་གཞི་དབུ་འཛུགས་ཞུ་བཞིན་པ་དང་བསྟུན། སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༡༢ ཉིན་ཡོན་ཏན་གླིང་ནང་པའི་ཆོས་ཚོགས་སུ་ཆེད་ཕེབས་ཀྱིས་ཌ་ཆི་ (Dutch) སྐད་ཡིག་ཏུ་འདོན་སྤེལ་ཞུ་བཞིན་པའི་ཌེ་སི་ཊན་ཌཱར་ཌིའི་ (De Standdard) ཞེས་པའི་ཉིན་རེའི་ཚགས་ཤོག་གྲགས་ཅན་གྱི་གསར་འགོད་པ་ལྕམ་སྐུ་ནཱ་ཐི་ (Ginelle Nath) ལགས་དང་ཁོང་གི་སྐུ་ཟླ་རྣམ་པ་གཉིས་ལ་ཐུག་འཕྲད་གནང་ཡོད།
དེ་ཡང་སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཡོན་ཏན་གླིང་ནང་པའི་ཆོས་ཚོགས་ཀྱི་དཔེ་མཛོད་ཁང་ཏུ་ལྕམ་སྐུ་ནཱ་ཐི་ (Ginelle Nath) ལགས་དང་ཁོང་གི་སྐུ་ཟླ་རྣམ་པ་གཉིས་ལ་ཐུག་འཕྲད་གནང་སྟེ་ཉེ་ཆར་འཛམ་གླིང་ས་ཕྱོགས་གང་ས་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་དད་ལྡན་པ་སོགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་དྲུག་ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་པའི་སྐོར་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་དབུ་ཁྲིད་ཁག་དང་། ཆོས་ལུགས་ཀྱི་དབུ་ཁྲིད་ཁག ཚན་རིག་པ། དེ་བཞིན་རྒྱ་ཆེ་མང་ཚོགས་སོགས་དང་ཐུག་འཕྲད་ཀྱིས་མགོན་པོ་གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་བཞི་དང་། ལྷག་པར་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་རིག་གཞུང་དེང་རབས་རྒྱ་གར་ནང་བསྐྱར་གསོ་མཛད་བཞིན་པ་སོགས་ཀྱི་སྐོར་གསུངས་ཡོད།གཞན་ཡང་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གསར་འགོད་པ་ནཱ་ཐི་ (Ginelle Nath) ལགས་ལ་བོད་རྒྱའི་གནད་དོན་སྤྱི་དང་། བོད་མིའི་སྒྲིག་འཛུགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་གནད་དོན་གསལ་ཐབས་གནང་བཞིན་པ། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ལ་ཡིད་སྨོན་མཛད་བཞིན་པ་སོགས་ཀྱི་སྐོར་གསུངས།
སྐབས་དེར་ལྕམ་སྐུ་ནཱ་ཐི་ (Ginelle Nath) ལགས་ཀྱིས་སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྤྱིའི་སྐོར་དང་། སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་སོགས་ཀྱི་སྐོར་བཀའ་འདྲི་ཞུས་ཡོད།
སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ལྕམ་སྐུ་ནཱ་ཐི་ (Ginelle Nath) ལགས་ཀྱི་བཀའ་འདྲི་ཁག་ལ་ལན་འདེབས་ཁ་གསལ་གནང་བ་དང་འབྲེལ་བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་བོད་མིའི་འཚོ་བའི་གནས་སྟངས་སོགས་ཀྱི་སྐོར་གསུངས།
ལྕམ་སྐུ་ན་ཐི་ (Ginelle Nath) ལགས་དང་ཁོང་གི་སྐུ་ཟླ་རྣམ་གཉིས་ཀྱིས་སྔ་དྲོར་ཡོན་ཏན་གླིང་ཆོས་ཚོགས་སུ་གཟིགས་སྐོར་གནང་རྗེས་ཡོན་ཏན་གླིང་ཆོས་ཚོགས་ཀྱི་བླ་མ་བཟོད་པ་ལགས་དང་མཇལ་འཕྲད་ཞུས་གནང་ཡོད། ཉིན་རྒྱབ་ཁོང་རྣམ་གཉིས་ཀྱིས་སྒོམ་གྱི་ཚོགས་ཐུན་ཞིག་ལ་མཉམ་ཞུགས་གནང་ཡོད་པ་བཅས།།