༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༦ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་དེ་བཞིན་སྦེལ་ཇམ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་གོ་སྒྲིག་འོག་སྦེལ་ཇམ་གྱི་མངལ་སྡེ་ཨེན་ཌ་ཝབ་ (Antwerp ) ནང་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོར་རྫ་དཔལ་སྤྲུལ་རིན་པོ་ཆེ་མཆོག་དང་དགེ་བཤེས་མེ་ཏོག་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག་སྤྱན་རས་གཟིགས་ཀྱི་གཟུང་སྔགས་གསོག་སྒྲུབ་ཀྱི་ལམ་ནས་༸སྐུའི་འཁྲུངས་སྐར་ཆེན་དུས་ཆེན་སྲུང་བརྩི་ཞུས་ཡོད།༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོའི་ཐོག་བཀའ་ཤག་གི་བཀའ་འཁྲོལ་ལྟར་སྐུ་མགྲོན་གཙོ་བོ་སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཕེབས་ཡོད་པ་དང་། དེ་མིན་སྦེལ་ཇམ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དཔལ་ལྡན་ལགས་དང་ཚོགས་གཞོན་རྡོ་རྗེ་ལགས། གཞན་ཡང་ཚོགས་པ་ཁག་གི་སྐུ་ཚབ་སོགས་མཉམ་ཞུགས་གནང་ཡོད།
དེ་རྗེས་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་སྙིང་བསྡུས་ཤིག་གནང་བ་དང་འབྲེལ། སྦེལ་ཇམ་ནང་གི་བོད་མི་ཚོས་རྒྱ་གར་གྱི་སྲིད་བློན་མཆོག་གི་ཛ་དྲག་གུད་སྐྱོབ་མ་དངུལ་ (PM-CARES Fund) ཆེད་དུ་ཞལ་འདེབས་ཕུལ་ཡོད་སྐོར་དང་། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་བལ་འབྲུག་གསུམ་ནང་གི་བོད་མིའི་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་སེལ་སླད་རོགས་རམ་གནང་དགོས་པའི་འབོད་སྐུལ་གནང་བ་ལྟར་སྦེལ་ཇམ་ནང་གི་བོད་མི་ཚོས་བོད་མིའི་སྒྲིག་འཛུགས་སུ་ཞལ་འདེབས་ཕུལ་བར་ས་གནས་བོད་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཡོད།མཛད་སྒོའི་སྐུ་མགྲོན་གཙོ་བོ་སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་སྦེལ་ཇམ་ས་ནགནས་མདོ་ཁམས་ཆུ་བཞི་སྒང་དྲུག་ནས་སྤྱན་རས་གཟིགས་ཀྱི་གཟུང་སྔགས་གསོག་སྒྲུབ་ཀྱི་ལམ་ནས་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་པར་ཡི་རང་བསྔགས་བརྗོད་གནང་བ་དང་། དེ་ཉིན་རྒྱ་གར་གྱི་སྲིད་བློན་མཆོག་གིས་གཙོས་བློན་ཆེན་རྣམ་པ་དང་ཨ་རིའི་གཞུང་ཚབ་པ་སོགས་ནས་༸གོང་ས་མཆོག་དགུང་གྲངས་གྱ་དྲུག་ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་གནང་ཡོད་སྐོར་སོགས་དང་། གཞན་ཡང་ཁོང་གིས་བཀའ་ཤག་གི་གསུང་བཤད་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༦ བཞེས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཐོག་སྩལ་བའི་གསུང་འཕྲིན་སྐོར། བོད་པ་མི་རེ་ངོ་རེ་ནས་སོ་སོའི་ཉིན་རེའི་འཚོ་བའི་ནང་མགོན་པོ་གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་བཞི་དེ་དག་གང་ཐུབ་ཉམས་ལེན་གནང་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་མི་ཟུར་པ་རྣམས་ལ་ལག་འཁྱེར་གནང་།དེ་ནས་སྦེལ་ཇམ་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་དཔལ་ལྡན་ལགས་ཀྱིས་མང་ཚོགས་ནས་ལྷག་བསམ་ཟོལ་མེད་ཀྱིས་ཕྱག་ལས་གནང་སྟེ་༸རྒྱལ་བའི་བཀའ་དགོངས་སྒྲུབ་དགོས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཤུགས་ཆེ་ཡོད་སྐོར་སོགས་གསུངས། །