༄༅། །རྒྱ་གར་གྱི་མཧཱ་ར་ཤི་ཀྲ་ (Maharashtra) མངའ་སྡེའི་ནང་ཆར་ཞོད་ཆེན་པོ་བབས་པར་བརྟེན་ཆུ་ལོག་བརྒྱུགས་ནས་མི་རྒྱུ་ཟོག་གསུམ་ལ་གོད་ཆག་ཆེན་པོ་བྱུང་བའི་གནས་ཚུལ་ཐོན་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༢༥ ཉིན་མཧཱ་ར་ཤི་ཀྲ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨུ་དཱབ་བྷ་ལ་ས་ཧེབ་བྲཀ་རེ་ (Uddhav Balasaheb Thackeray) མཆོག་གི་མཚན་ཐོག་ཏུ་འདས་གྲོངས་སུ་གྱུར་བའི་ཤུལ་ལུས་ནང་མི་ལྟོས་བཅས་ཡོངས་ལ་ཐུགས་སྨོན་དང་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། མངའ་སྡེ་གཞུང་དང་འབྲེལ་ཡོད་དབུ་ཁྲིད་རྣམ་པས་ཆུ་ལོག་གི་གནོད་འཚེ་ཕོག་མཁན་རྣམས་ལ་རོགས་རམ་གང་ཐུབ་གནང་བཞིན་པ་ངོས་ནས་ཤེས་ཀྱི་ཡོད།
ངོས་ཀྱིས་མཧཱ་ར་ཤི་ཀྲ་མངའ་སྡེའི་མི་མང་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་དུ་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་བརྒྱུད་རྒུད་སྐྱོབ་དང་ཉེན་སྐྱོབ་སླད་རོགས་དངུལ་ཞལ་འདེབས་འབུལ་རྒྱུ་ཡིན། ཞེས་འཁོད།།