༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཆུབ་ལམ་སྒྲོན་གྱི་གསུང་ཆོས་བསྩལ་གཏན་འཁེལ་འདུག
དེ་ཡང་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་དྲ་ཚིགས་སྟེང་བཀོད་པ་ལྟར། ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༡༣ དང་ ༡༤ བཅས་ཉིན་གྲངས་གཉིས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ནང་པའི་ཚོགས་པ་དང་། ལ་དྭགས་དགོན་པའི་ཚོགས་པ། ཁྲིག་སེ་རིན་པོ་ཆེ་བཅས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་གོང་ཚེས་ཉིན་གྱི་རྒྱ་གར་ནང་གི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ བར་དྲ་ལམ་བརྒྱུད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མའི་གསུང་ཆོས་དང་དྲི་བ་དྲིས་ལན་མཛད་རྒྱུ། མཛད་རིམ་འདི་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་ཨིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་དང་། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པ་དགོངས་འཇགས་འཚལ། །