༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་གྱ་དྲུག་ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཐོག་སྔ་འགྱུར་རྙིང་མའི་སྨོན་ལམ་ཚོགས་པའི་ཚོགས་གཙོ་༸སྐྱབས་རྗེ་རི་མགོ་སྤྲུལ་སྐུ་མཆོག་གིས་གནང་བའི་གསུང་འཕྲིན།
དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགན་ཆེན་པོ་རྒྱལ་བའི་དབང་པོ་མཆོག་གི་༸སྐུའི་འཁྲུངས་སྐར་མཛད་སྒོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོས་འབྲེལ་ཡོད་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་བླ་ན་མ་མཆིས་པ་འཇིག་རྟེན་ཞི་བདེའི་དེད་དཔོན། གངས་ཅན་སྐྱེ་འགྲོ་ཀུན་གྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། འཕགས་མཆོག་ཕྱག་ན་པདྨོའི་རྣམ་རོལ་སྡོམ་གསུམ་ངུར་སྨྲིག་འཛིན་པ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་བོད་ལུགས་ལྟར་ན་དགུང་གྲངས་ ༨༧ དང་ཕྱི་ལུགས་ལྟར་དགུང་གྲངས་ ༨༦ བཞེས་པའི་ཉིན་མོ་འདིར་དད་གུས་སྤྲོ་གསུམ་གྱི་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་སྦྲགས། མགོན་པོ་གང་ཉིད་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། རླབས་ཆེན་ཐུགས་ཀྱི་དགོངས་བཞེེད་རྣམས་ལྷུན་གྱི་འགྲུབ་པའི་གདུང་ཤུགས་དྲག་པོས་གསོལ་འདེབས་ཞུ་རྒྱུ་ཡིན།
དེ་རིང་གི་ཉིན་མོ་བཟང་པོ་འདིར་མགོན་པོ་གང་ཉིད་མདོ་སྨད་སྟག་འཚེར་སྐུ་འཁྲུངས་པ་ནས་དེང་གི་བར་བསྟན་འགྲོ་སྤྱི་དང་། ལྷག་པར་བོད་ཀྱི་བསྟན་སྲིད་གཉིས་ཀྱི་ཐད་སྐུ་ངལ་འཛེམས་མེད་ཀྱི་དཀའ་བ་བརྒྱ་ཕྲག་མང་པོ་ལྷུར་བཞེས་མཛད་དེ་འཛམ་གླིང་གོ་ལའི་ཁྱོན་འདིར་ཞི་བདེའི་དེད་དཔོན་ཆེན་པོའི་མཚན་སྙན་ཡོངས་སུ་ཁྱབ་ཅིང་། བོད་ཅེས་པའི་མཐོ་སྒང་ལ་གནས་བཅའ་བའི་མི་རིགས་འདི་ཉིད་ཆོས་དང་རིག་གཞུང་ལ་གཞན་དྲིང་འཇོག་མི་དགོས་པར་ནང་དོན་ཕུན་སུམ་ཚོགས་ཤིང་། དེང་གི་འཛམ་གླིང་གཅེས་ནོར་ལྟ་བུ་ཡིན་པའི་ངོ་སྤྲོད་མཛད་པ་དང་། དེ་བཞིན་འགྲོ་བ་མི་རྣམས་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས་དང་། འཛམ་གླིང་གི་ཆོས་ལུགས་རྣམས་མཐུན་འབྲེལ། བོད་ཀྱི་ཆོས་དང་རིག་གཞུང་ཁོར་ཡུག་སྐོར་གལ་ཆེ་ཡིན་པ་ངོ་སྤྲོད། རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོ་བྱ་ཐབས་བཅས་ཐུགས་བསྐྱེད་དམ་བཅའ་བཞི་སོགས་རླབས་ཆེན་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པའི་བཀའ་དྲིན་རྣམས་འགྲོ་བ་སྤྱི་དང་། འོ་ཅག་བོད་མི་ཡོངས་ཀྱི་བཀའ་དྲིན་གཞལ་ཐབས་མེད་པ་ཞིག་ཆགས་ཀྱི་ཡོད།
༸སྐུའི་འཁྲུངས་སྐར་གྱི་དུས་བཟང་ཁྱད་པར་ཅན་འདིར་མགོན་པོ་གང་གི་མཛད་པ་འཕྲིན་ལས་བསྐྱངས་པ་རྣམས་དྲན་གསོ་བྱ་རྒྱུ་དང་། ལྷག་པར་བོད་ཀྱི་ཆོས་སྲིད་གཉིས་ཀའི་ཕྱོགས་ལ་བཀའ་སློབ་ལམ་སྟོན་སྩལ་བ་རྣམས་ཡིད་ལ་དྲན་ཅིང་རྗེས་སུ་སློབ་རྒྱུ་ནི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་དགོངས་དོན་སྙིང་པོ་དེ་ཡིན། གཞན་ཡང་༸གོང་ས་མཆོག་གི་ཞལ་ནས། ཁོང་ལ་འཁྲུངས་སྐར་གྱི་ལེགས་སྐྱེས་ཡག་ཤོས་དེ་བསམ་པ་བཟང་པོ་བྱ་རྒྱུ་དེ་ཡིནཔ་གསུངས་པ་ལྟར་རང་བོད་མི་རྣམས་ཀྱིས་གསུང་གི་བདུད་རྩི་དེ་དག་ལ་ཉམས་བཞེས་བྱ་ཐུབ་དགོས་པ་གལ་ཆེ།
རང་རིགས་རྣམས་བཙན་བྱོལ་དུ་གྱུར་ནས་ལོ་ངོ་ ༦༠ ལྷག་འགྲོ་བཞིན་ཡང་མགོན་པོ་མཆོག་གི་ཐུགས་རྗེའི་གྲིབ་བསིལ་འོག་ཆོས་ལུགས་དང་ཆོལ་ཁའི་འཐེན་འཁྱེར་མེད་པ་གོང་བུ་ཆིག་སྒྲིལ་གྱིས་སྒྲིག་འཛུགས་ཀྱི་ནུས་པ་གང་ལེགས་ཡོད་ནའང་། ད་དུང་མུ་མཐུད་ནས་ཆིག་སྒྲིག་གྱི་ནུས་པ་ཉམས་སྨད་དུ་མི་འགྲོ་བ་བོད་མི་ཡོངས་དང་། འབྲེལ་ཡོད་འགན་ཁུར་རྣམས་ཀྱིས་ཡིད་གཟབ་བྱ་རྒྱུ་དང་། ཕན་ཚུན་མཛའ་བརྩེའི་ཡིད་ཆེས་བསྐྲུན་ཐུབ་དགོས་རྒྱུ་གལ་ཆེ།
མཐའ་དོན་བོད་མི་ཡོངས་ཀྱི་མགོན་སྐྱབས་བླ་ན་མ་མཆིས་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། །