༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་གྱ་དྲུག་ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཐོག་༸རྒྱལ་དབང་འབྲུག་པ་སྐུ་ཕྲེང་ ༡༢ འཇིགས་མེད་པདྨ་དབང་ཆེན་དཔལ་བཟང་པོའི་སྡེ་མཆོག་གིས་ལྗགས་རྩོམ་གནང་བའི་༧ཞབས་པད་སྐལ་བརྒྱར་བརྟན་སྨོན་འཆི་མེད་གྲུབ་པའི་བདེན་ཚིགས།
༈ གདོད་ནས་བྱང་ཆུབ་སྤྲོས་བྲལ་བདེ་བ་ཆེ། །བླ་མ་ཚེ་མཐའ་ཡས་ལ་གསོལ་བ་འདེབས། །ཉིད་ལས་མི་གཞན་ཕྱག་ན་པདྨོ་ཡི། །གསང་གསུམ་འགྱུར་མེད་རྟག་བརྟན་བྱིན་གྱིས་རློབས། །རྩུབས་མོ་ཞེ་སྡང་བྲལ་བས་རང་རྒྱུད་འཇམ། །འཇམ་པའི་འདོད་སྲེད་རིང་དུ་འདོར་བའི་དཔལ། །དཔལ་དེས་ཕྱུག་པའི་བསྟན་འཛིན་སྐྱེས་བུ་མཆོག །མཆོག་གི་བཀྲིས་རྒྱ་མཚོ་དཔྱིད་དུ་ཕོབས། །མི་འགྱུར་རྡོ་རྗེའི་དོན་སྟོན་གསང་བའི་ངག །ངག་གི་ལམ་འདས་ཀློང་ཆེན་དོན་ལ་དབང་། །དབང་མཆོག་བསྐུར་ཐོབ་བྲལ་བའི་བསྟན་འཛིན་ཆེ། །ཆེ་བ་རྒྱ་མཚོའི་གཙུག་ནོར་ཞབས་བརྟན་ཤོག །སྣང་བ་རྟེན་འབྲེལ་བསླུ་མེད་ཤར་བའི་བློ། །བློ་ཡི་སྤྱོད་པའི་ཡུལ་མིན་ཀུན་ཏུ་བཟང་། །བཟང་པོ་དབུ་མའི་བསྟན་འཛིན་ཁྱོད་ཉིད་རྒྱལ། །རྒྱལ་བའི་དགོངས་པ་རྒྱ་མཚོ་རྟག་བརྟན་ཤོག །རབ་འབྱམས་རྒྱུད་སྡེའི་གསང་བ་ཐུགས་ལ་སྨིན། །སྨིན་གྲོལ་ཁ་འབབ་རྣམ་བཞིའི་བྱིན་རླབས་རྒྱུན། རྒྱུན་དུ་གདུལ་བྱའི་ཞིང་སར་འདྲེན་ལ་མཁས། །མཁས་གྲུབ་བྱེ་བའི་གཙུག་ནོར་ཞབས་བརྟན་ཤོག །སྲས་བཅས་རྒྱལ་བ་ཀུན་གྱི་བརྩེ་བའི་བདག །བདག་ཉིད་ཆེན་པོ་གངས་ཅན་མགོན་པོར་དད། །དད་དམ་གཙང་མའི་བདག་ཅག་སློབ་བུ་ཀུན། །ཀུན་ནས་ཡོངས་སུ་སྐྱོབས་ཕྱིར་ཞབས་བརྟན་ཤོག
།། ཅེས་སྙིང་ནས་གསོལ་བ་འདི་བཞིན་གུས་པ་ཆེན་པོའི་སྒོ་ནས་ཕུལ་བས་གེགས་མེད་མྱུར་དུ་འགྲུབ་པར་གྱུར་ཅིག་གུ་ཞེས་གང་གི་ཞབས་འབངས་འབྲུག་པ་བཅིུས་པར་འབོད་པས་ཕྱག་བཅས།
ཕུལ།།