༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་གྱ་དྲུག་ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཐོག་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་སྐྱབས་རྗེ་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གིས་གསུང་འཕྲིན་གནང་དོན། འཛམ་གླིང་ཞི་བདེའི་དེད་དཔོན། ༸གོང་ས་ལྷ་མིའི་རྣམ་འདྲེན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ། ༸རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་མཆོག་དགུང་གྲངས་ ༨༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ལ་ལུས་ངག་ཡིད་གསུམ་གུས་ཕྱག་དང་བཅས་པ་སྔོན་དུ་སོང་ནས་མཛའ་བརྩེའི་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་སུས་ཀྱང་མ་བསྐྱངས་པའི་མཛད་པ་རླབས་པོ་ཆེ་ཞིག་འཛམ་གླིང་གི་ཁོར་ཡུག་ཏུ་བསྐྱངས་ནས་འཛམ་གླིང་ས་གནས་གང་སར་ཞབས་ཀྱི་བཅགས་ཏེ་ཐུགས་བརྩེ་བ་ཆེན་པོས་སྨིན་གྲོལ་གྱི་གདམས་པ་ཡོངས་སུ་སྩལ་ནས་འཛམ་གླིང་ཞི་བདེའི་རྟགས་མ་མཚོན་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ཚོགས་པ། མི་མང་བཅས་ཚང་མས་གཟེངས་རྟགས་གྲངས་ལས་འདས་པ་ཕུལ་བ་འདི་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་མཛད་པ་འཕྲིན་ལས་ཐར་ཕྱིན་པ་འཛམ་གླིང་གི་མི་མང་ཡོངས་ཀྱི་མིག་ལམ་དུ་ཡོངས་སུ་གསལ་བ་འདི་ལྟར་རེད།
ད་ལྟའི་ཆར་ལ་སྐུ་ནའི་བབ་ལ་ཕེབས་ནས་༸རྒྱལ་དབང་མཆོག་སྐུའི་འཕྲོད་བཞེས་གཟབ་བཞེས་གནང་རྒྱུའི་ཐད་གང་གཟབ་གནང་དང་གནང་བཞིན་པ་དང་། སྐུ་བཅར་ཚོས་ཀྱང་འཐུས་ཤོར་དུ་མ་སོང་བར་ཕྱག་ལས་ཟབ་མོ་གནང་བཞིན་པར་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན།
༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཀྱང་བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་རོགས་གནང་ཞེས་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་དང་། རང་ནས་ཀྱང་མཆོག་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་རྒྱལ་བའི་སྐུ་ཚེའི་འགལ་རྐྱེན་བར་ཆད་ཐམས་ཅད་དམིགས་མེད་དུ་ཞི་ནས་ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་བཅས། འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། །