༄༅། །༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ནི་ཤིང་ཕག་ཟླ་ ༥ ཚེས་ ༥ དང་། ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་མདོ་སྨད་སྐུ་འབུམ་ཚོ་དྲུག་གི་ནང་ཚན་ཕྱི་ཀྱཱ་ཚོ་བའི་ལྟག་མཚེར་གྲོང་ཚོར་ཡབ་ཆོས་སྐྱོང་ཚེ་རིང་དང་ཡུམ་བདེ་སྐྱིད་ཚེ་རིང་གཉིས་ཀྱི་རིགས་སྲས་སུ་སྐུའི་མཚན་དཔེ་མངོན་པར་བཞད་ཅིང་། རྗེ་བླ་མ་འདི་ཉིད་ཀྱི་མ་ཡུམ་གཉིས་པར་འབོད་པ་མ་གཅིག་འདོད་ཁམས་བདག་མོས་ཉིན་མཚན་གཡེལ་བ་མེད་པར་སྲུང་སྐྱོབ་སྡོང་གྲོགས་ཚུལ་བཞིན་སྒྲུབ་པའི་མཐུ་ལས། ཡང་སྲིད་འཁྲུལ་བྲལ་ངོས་འཛིན་ཐོག་དགུང་ལོ་ལྔ་ལ་ཕེབས་སྐབས་བོད་ཀྱི་རྒྱལ་ས་ལྷ་ལྡན་གྲུ་འཛིན་ནོར་བུའི་ཕོ་བྲང་དུ་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་ཞུས་ཏེ། གསན་བསམ་སློབ་གཉེར་སྦྱངས་བརྩོན་གནང་བཞིན་པའི་སྐབས། རྒྱ་ནག་གཞུང་གིས་མདོ་ཁམས་གཉིས་སུ་བཙན་འཛུལ་བྱས་ཏེ། ཕྱི་ལོ་ ༡༩༥༠ ལོར་ཆབ་མདོར་བོད་གཞུང་གི་གཙོ་ཤུགས་དམག་དཔུང་ཕམ་ཤོར་བྱུང་བ་དང་། བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་པའི་གནས་སྟངས་སྣུམ་ཟད་ཀྱི་མར་མེ་བཞིན་ཉག་ཕྲ་བའི་གནས་སྟངས་འོག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་ལོ་བཅུ་དྲུག་སྟེང་བོད་ཀྱི་རྒྱལ་སྲིད་ཆོས་སྲིད་ཀྱི་ཐུགས་འགན་བཞེས་དགོས་བྱུང་ཡོད།
ཕྱི་ལོ ༡༩༥༡ ལོར་རྒྱ་ནག་གཞུང་གི་དྲག་དཔུང་གིས་བཙན་འཛུལ་གྱི་སྡིགས་བསྐུལ་འོག་བོད་རྒྱ་གཉིས་དབར་གྲོས་མཐུན་དོན་ཚན་ ༡༧ བསྣོལ་འཇོག་བྱེད་དགོས་བྱུང་བའི་གནས་སྟངས་འོག ༸གོང་ས་མཆོག་གིས་བོད་ནང་སྤྱི་ཚོགས་ལེགས་བཅོས་དང་ཡར་རྒྱས་ཀྱི་ཐབས་ཤེས་ཇི་སྙེད་ཅིག་བསྟེན་ནའང་། རྒྱ་གཞུང་གིས་ལམ་དུ་འགྲོ་རུ་བཅུག་མེད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་དང་། ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་དུ་ཆིབས་བསྒྱུར་བསྐྱངས་ཏེ། སྲིད་དབང་བཟུང་ནས་ཅང་མ་འགོར་བའི་ཨེ་ཤ་ཡའི་སྤྱི་མཐུན་རྒྱལ་ཁབ་ཆེ་ཤོས་གཉིས་ཀྱི་དབུ་ཁྲིད་ཚོར་མཇལ་འཕྲད་གནང་བ་དང་། དམར་ཤོག་གིས་སྲིད་དབང་སྒེར་འཛིན་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱ་ནག་དང་། སྲིད་དོན་ཚོགས་པས་དབང་རྩོད་བྱེད་པའི་མང་གཙོའི་ལམ་ལུགས་ཀྱི་རྒྱ་གར་གཉིས་ཀའི་ཁྱོན་ཡོངས་ཀྱི་གནས་སྟངས་ལ་དངོས་སུ་གཟིགས་ཞིབ་བྱུང་བ་གཞིར་བཟུང་། ལོ་ངོ་བརྒྱད་རིང་བོད་དུ་འབྱོར་བའི་རྒྱ་དམག་གི་འགོ་བྱེད་མཉམ་ཞི་མཐུན་གྱི་ཐབས་ཤེས་རིམ་པར་བསྟེན་ཡང་། ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ ནང་། ལྷ་སྡོད་རྒྱ་དམག་གིས་༸རྒྱལ་བའི་སྐུ་ཕྱྭར་ཉེན་ཁ་བཟོས་པར་བརྟེན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མི་བརྒྱད་ཁྲི་ཙམ་རྒྱ་བལ་འབྲུག་གསུམ་དུ་བཙན་བྱོལ་དུ་མི་ཕེབས་ཀ་མེད་བྱུང་།
བཙན་བྱོལ་དུ་འབྱོར་མ་ཐག་པའི་བོད་མི་ཚོ་ཕལ་ཆེ་བ་ལམ་བཟོའི་ཤུགས་ལས་གཙོ་ཆེར་བསྟེན་ཏེ་ཟས་གོས་གནས་མལ་གྱི་དཀའ་ངལ་སྣེ་འཛིང་ནས་ཡོད་ནའང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྣེ་ཁྲིད་འོག །རྒྱ་གར་དབུས་སའི་གཞུང་གིས་བོགས་གཏོང་གནང་བའི་ཤིང་ནགས་དང་ས་སྟོང་སྟེང་གཞིས་སྒར་དང་ཆོས་སྡེ། སློབ་གྲྭ་བཅས་རིམ་པར་བཙུགས་ཏེ། བོད་མིའི་ངོ་བོ་སྲུང་ཉར་ཐུབ་པའི་གཞི་རིམ་མཐུན་རྐྱེན་སྦྱོར་སྒྲིག་གནང་བ་དང་ཆབས་ཅིག ཕྱི་ལོ་ ༡༩༦༠ ལོར། གཞུང་ས་དགའ་ལྡན་ཕོ་བྲང་གི་སྔར་སྲོལ་སྲིད་དབང་གྲུབ་ཆར་བསྒྱུར་བཅོས་བཏང་སྟེ། མ་འོངས་པར་བོད་མི་ཚོས་སོ་སོའི་ངོས་ནས་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་ལེན་ཐུབ་པ་ཡོང་ཆེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་དང་པོ་གསར་འཛུགས་བསྐྱངས་པ་དེ་ཉིད་ཆོལ་ཁ་ཆོས་བརྒྱུད་རིས་མེད་ཀྱི་འཐུས་མི་ལས་གྲུབ་པ་མཛད་ཡོད།
དུས་མཚུངས་སུ་ཕྱི་ལོ་ ༡༩༥༩ དང་། ༡༩༦༡ དང་། ༡༩༦༥ སོ་སོར་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུགས་གནང་སྟེ། གྲོས་ཆོད་བཞག་ཐུབ་ཡོད་པ་དང་། ཕྱི་ལོ་ ༡༩༦༣ ལོར་བོད་ཀྱི་རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས་གནང་། བོད་ནང་བོད་མི་རིགས་ཀྱི་ངོ་བོ་རྩ་བརླགས་གཏོང་གཞིའི་རྒྱ་ནག་གཞུང་གིས་རིག་གནས་གསར་བརྗེ་ཟེར་བའི་ཆབ་སྲིད་ཀྱི་ལས་འགུལ་གདུག་རྩུབ་ཆེན་པོ་དེ་ཚ་ཚ་འུར་འུར་སྤེལ་བཞིན་པའི་སྐབས་ཀྱི་ཕྱི་ལོ་ ༡༩༦༧ ལོར་ཐའེ་ལན་དང་ཉི་ཧོང་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་སླད་ཕྱི་ཡུལ་དུ་ཆིབས་བསྒྱུར་ཐོག་མ་བསྐྱངས་ཤིང་། ཕྱི་ལོ་ ༡༩༧༣ ལོར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་ཏུ་གཟིགས་སྐོར་མཛད་པའི་ཕྱི་ལོར་རྒྱ་ནག་གཞུང་དང་ལྷན་དུ་གྲོས་མོལ་བརྒྱུད་བོད་དོན་དཀའ་རྙོག་སེལ་རྒྱུའི་དབུ་མའི་ལམ་གྱི་ཐུགས་བཞེད་ཇི་ཡོད་སྐབས་དེའི་བཙན་བྱོལ་བོད་གཞུང་གི་འགོ་ཁྲིད་ཁག་དང་མཉམ་དུ་བཀའ་བསྡུར་གནང་། ༡༩༧༩ ལོར་ཨ་རིར་གཟིགས་སྐོར་ཕེབས་པ་དང་ཆབས་ཅིག །རྒྱ་ནག་ནང་སྲིད་ཇུས་ཕྲན་བུ་གུ་ཡངས་བྱུང་བ་དང་བསྟུན་ནས་ཏིང་ཞའོ་ཕིང་གིས་རེ་འདུན་བཏོན་པ་བཞིན་ལོ་ངོ་ཉི་ཤུ་རིང་ཆད་པའི་བོད་རྒྱ་འབྲེལ་གཏུག་ཐོག་མ་བྱུང་སྟེ། གཟིགས་སྐོར་ཚོགས་པ་དང་སྐུ་ཚབ་ཚོགས་པ་སྔ་རྗེས་བསྐོ་གཏོང་དང་། གཞིས་བྱེས་བོད་མིའི་དབར་གཉེན་འཕྲད་ཀྱི་སྒོ་ཕྱེ་ཐུབ་པ་ལ་བརྟེན་ནས། རྩ་གཏོར་བཏང་ཟིན་པའི་དགོན་པ་ཁག་རིམ་པས་བསྐྱར་བཞེངས་དང་། ཆད་ཟིན་པའི་རབ་བྱུང་གི་སྡེ་བསྐྱར་གསོའི་ཐོག །ཆོས་ཕྱོགས་ཀྱི་གསན་བསམ་སློབ་གཉེར་ཉམས་གསོ། དེ་བཞིན་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་དང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གཞུང་དང་སྒྱུ་རྩལ། ཡུལ་སྲོལ་གོམས་གཤིས་སྔར་སོར་ཆུད་ཐབས་ཀྱི་ངལ་གསོ་ཅུང་ཟད་ཐོབ་ཅིང་། དེའི་ཐོག་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གིས་དབུས་པའི་བོད་ཀྱི་བླ་སྤྲུལ་དང་། ཤེས་ཡོན་ཅན། མང་ཚོགས་བཅས་ཀྱི་སེམས་ཤུགས་དང་འབད་བརྩོན་གྱི་བྱེད་ནུས་འབུར་ཐོན་བྱུང་ཡོད་པ་སྨོས་མ་དགོས།
ཕྱི་ལོ་ ༡༩༨༧ ལོར་ཝ་ཤིན་ཊོན་དུ་ཨ་རིའི་གྲོས་ཚོགས་སུ་ཞི་བའི་གྲོས་འཆར་དོན་ཚན་ལྔ་དང་། ༡༩༨༨ ལོར་ཡུ་རོབ་གྲོས་ཚོགས་སུ་སི་ཊར་སི་སྦག་གི་གྲོས་འཆར་འདོན་གནང་མཛད་པར་བརྟེན། བོད་ནང་གི་དངོས་ཡོད་གནས་སྟངས་དང་བསྟུན་ཏེ་འཚེ་མེད་ཞི་བའི་སྒོ་ནས་གཉིས་སྨན་དབུ་མའི་ལམ་བརྒྱུད་དཀའ་སེལ་ཐབས་ལམ་བསྟན་པར་རྒྱལ་སྤྱིའི་ཐོག་ཚད་མཐོའི་གདེང་འཇོག་ཞུས་ཏེ། ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱིས་མཚོན་བོད་དོན་རྒྱབ་སྐྱོར་གྱི་མཐོ་རླབས་གསར་པ་ཞིག་བསླངས་པ་དང་། ༡༩༩༡ ལོར་རྒྱལ་སྤྱིའི་ནང་བོད་ཀྱི་ལོ་བརྩི་སྲུང་དང་། ཕྱི་ལོ་ ༡༩༩༧ ལོར་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བོད་དོན་འབྲེལ་མཐུད་པ་བསྐོ་འཛུགས། ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་གཞུང་ནས་བོད་ཀྱི་སྲིད་ཇུས་ཁྲིམས་ཡིག་གཏན་འབེབས་གནང་བ་དང་། དེའི་ལོ་གཉིས་གོང་གི་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་ཡུ་རོབ་གྲོས་ཚོགས་སུ་བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་གྲོས་ཆོད་བཞག་པས་མཚོན། རྒྱལ་སྤྱིའི་རང་དབང་མང་གཙོའི་ཡུལ་ལུང་ཁག་གི་གྲོས་ཚོགས་དང་། སྲིད་གཞུང་། མང་ཚོགས་བཅས་ནས་བོད་དོན་ཐོག་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དང་། རྒྱབ་སྐྱོར་རོགས་རམ་རྒྱུན་མ་ཆད་པར་ཐོབ་དང་འཐོབ་བཞིན་པ་ལྟར། བོད་ཀྱི་གནད་དོན་ད་ལྟའི་བར་དུ་གསོན་པོར་གནས་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་བཞེས་ཕྱོགས་དང་། མཛད་པ་སྐྱོང་སྟངས་ལ་བརྟེན་ནས་བྱུང་བ་བསྙོན་མེད་ཡིན།
རྗེ་བླ་མ་འདི་ཉིད་ནས་རྒྱལ་སྤྱིའི་ནང་ད་ལྟའི་བར། འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་བ་དང་། ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གོང་མཐོར་གཏོང་བ། ལྷག་པར་དུ་བོད་ཀྱི་རྩ་དོན་ལ་ཐུགས་ཁུར་དང༌། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད། ཁོར་ཡུག་སྲུང་སྐྱོབ་གནང་ཐབས། རྒྱ་གར་གྱི་གནའ་བོའི་སེམས་ཁམས་རིག་པ་དང་། ཚད་མའི་རྣམ་གཞག ། ལྟ་གྲུབ་དང་འབྲེལ་བའི་སྒོམ་སྒྲུབ། ཆོས་ལུགས་ལ་མ་བརྟེན་པའི་སྤྱོད་བཟང་བསྐྱར་གསོ་བཅས་ངོ་མཚར་རྨད་བྱུང་གི་མཛད་ཆེན་བཞི་སྐྱོང་སླད། རྒྱལ་ཁབ་ ༦༠ ལྷག་ཙམ་ཞིག་གི་ནང་ཐེངས་གྲངས་ ༣༠༠ མ་ཟིན་ཙམ་ཞིག་ཆིབས་བསྐྱོད་གནང་སྟེ། རྒྱལ་ཁབ་སོ་སོའི་སྲིད་འཛིན་དང་སྲིད་བློན་གཙོ་གཞོན་ལས་ཟུར་དང་། མངའ་སྡེའི་སྲིད་སྐྱོང་དང་། ཁྲིམས་དཔོན་དང་རིམ་པ་ཁག་གི་བློན་ཆེན། ཆབ་སྲིད་ཚོགས་ཁག་སོ་སོའི་དབུ་ཁྲིད། མིང་དུ་གྲགས་པའི་ཆོས་ལུགས་ཁག་གི་དབུ་ཁྲིད་སོགས་མདོར་ན། འཇིག་རྟེན་འདིའི་ཐོག་གི་ཡོངས་གྲགས་དབུ་ཁྲིད་ ༤༩༠ ཙམ་ཞིག་ལ་མཇལ་འཕྲད་བཀའ་མོལ་གནང་ཞིང་། སྙན་གྲགས་ཅན་གྱི་གཙུག་ལག་སློབ་གཉེར་ཁང་ ༦༠ མ་ཟིན་ཙམ་ཞིག་གི་ནང་གདན་ཞུས་ཀྱིས་གསུང་བཤད་གནང་བ་མ་ཟད། གཙུག་ལག་སློབ་ཁང་དེ་དག་དང་། ཉམས་ཞིབ་ལྟེ་གནས་ཁང་། ལྷན་ཚོགས་སོགས་སུ་གདན་ཞུས་ཀྱིས་རིག་ཚན་འདྲ་མིན་ཐོག་སློབ་དཔོན་ཆེན་མོའི་ཕྱག་ཁྱེར་དང་གཟེངས་རྟགས་ ༡༤༠ ཙམ་དང་། ཨ་རི་གཅིག་པུའི་ནང་ལ་ཕྱག་འཁྱེར་ ༥༠ ཙམ་ཞིག་འབུལ་བཞེས་མཛད་ཡོད། དེ་བཞིན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང༌། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་བྱ་དགའ། ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས། དབྱིན་ཇིའི་ཇོན་ཊེམ་པལ་ཊོན་གཟེངས་རྟགས་སོགས་ཆེ་བསྟོད་དང་གཟེངས་རྟགས་ ༡༥༠ བརྒལ་བ་འབུལ་བཞེས་མཛད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིས་སུ་མ་ཆད་པའི་དགོན་སྡེ་ཁག་ལ་གཟིགས་སྐྱོང་གཅིག་མཚུངས་གནང་སྟེ། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་སླར་གསོ་རྒྱུན་སྐྱོང་ཡོང་ཐབས་སུ། ཕལ་ཆེར་ལོ་ངོ་བསྟར་ཆགས་སུ་གནས་མཆོག་རྡོ་རྗེ་གདན་དང་། ལྷོ་བྱང་ཆོས་སྒར་ཁག་ཏུ་ཆིབས་བསྒྱུར་གྱིས་ཆད་ལ་ཉེ་བའི་གཞུང་ཆེན་ཁག་གི་བཤད་ལུང་བསྩལ་གནང་བ་དང་། དུས་འཁོར་དབང་ཆེན་ཐེངས་ ༣༤ གནང་བས་མཚོན་རྒྱུད་སྡེ་སོ་སོའི་བཀའ་དབང་དང་རྗེས་གནང་སོགས་སྔོན་ཆད་སུས་ཀྱང་མཛད་མ་མྱོང་བའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་དུ་བསྐོར་བ་དང་། ཕྱི་ལོ་ ༡༩༦༠ ཙམ་ནས་ ༢༠༢༠ བར་ཆོས་བརྒྱུད་རིས་སུ་མ་ཆད་པའི་ཡང་སྲིད་ངོས་འཛིན་གནང་བ་ཁྱོན་བསྡོམས་ ༡༣༣༧ ཙམ་དང་། རགས་རྩིས་ལྟར་ན་ད་ལྟའི་བར་དགེ་ཚུལ་གྲངས་ ༤༢༠༣ དང་། དགེ་སློང་གྲངས་ ༡༦༡༢༦ ཙམ་བསྒྲུབས་གནང་མཛད་ཡོད།
བསྟན་པ་འདི་ཉིད་དེང་དུས་ཀྱི་ཚན་རིག་དང་མཉམ་དར་མཉམ་འབྲེལ་གྱིས་རྒྱལ་སྤྱིའི་ཤེས་ཡོན་གྱི་སྡིངས་ཆ་བརྒྱུད། སྐྱེ་འགྲོ་ཡོངས་ཀྱི་བདེ་སྐྱིད་སྒྲུབ་ཐབས་སུ་ཚན་རིག་པ་དང་མཉམ་བགྲོ་གླེང་རིམ་པར་ཞུས་པ་མ་ཟད། ཆོས་བརྒྱུད་ནང་ཕན་ཚུན་རིས་མེད་བགྲོ་གླེང་དང་། གདན་ས་ཁག་གི་སློབ་ཚན་ནང་ཚན་རིག་སློབ་ཚན་འཇོག་དགོས་པའི་ལམ་སྟོན་གནང་བ་ལག་ལེན་དུ་བསྟར་བཞིན་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་གཅིག་གྱུར་ཡིན་པའི་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ལའང་ཕ་མེས་ནས་བརྒྱུད་པའི་མི་རིགས་ཀྱི་ཁྱད་ནོར་ངོས་འཛིན་ཐུབ་པའི་གདེང་སྤོབས་བྱིན་པ་ཙམ་མ་ཟད། ལྷོ་ཤར་ཨེ་ཤ་ཡའི་སྲོལ་རྒྱུན་ནང་པའི་ཡུལ་ལུང་དང་། ཆེན་པོ་ཧོར་སོག་གི་དད་ལྡན་གདུལ་བྱའི་རེ་བ་སྐོང་བར་མཛད་དང་མཛད་མུས་སོགས་ངེས་པ་དོན་གྱི་ཡོངས་རྫོགས་བསྟན་པའི་བདག་པོར་ཕྱོགས་དང་སྒོ་ཀུན་ནས་གུས་བཀུར་ཞུས་དང་ཞུ་མུས་ཡིན།
༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐབས་མཁས་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས། ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་ཐུགས་སྣང་གཤིན་པ་དང་། བོད་མི་རིགས་ངོས་འཛིན་གྱི་འདུ་ཤེས་གཅིག་གྱུར་འདི་ལྟ་བུ་ཞིག་བོད་སིལ་བུ་ཐོར་བ་ནས་བཟུང་བྱུང་མྱོང་མེད་པ་ཞིག་ཡིན།
རང་ཅག་བཙན་བྱོལ་བ་རྣམས་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་མདུན་ནས་གསུང་ཆོས་ཞུས་མ་མྱོང་མཁན་ཞིག་ཡོད་མི་སྲིད་པ་ལྟ་བུ་ཡིན་པས། ༸གོང་ས་མཆོག་ལ་རྩ་བའི་བླ་མའི་འདུ་ཤེས་འཛིན་གྱི་ཡོད་པ་དང་། བླ་མར་བསྟེན་ཚེ་བླ་མའི་བཀའ་བརྩི་དགོས་པ་དང་། བླ་མའི་བཀའ་བསྒྲུབ་པ་ལ་དགོངས་གཞི་རྟོགས་དགོས་ཤིང་། དགོངས་གཞི་རྟོགས་ནས་ཉམས་ལེན་ཞུ་རྒྱུ་གནད་ཀྱི་དོན་པོ་ཡིན་པས། བཀའ་དགོངས་བཞིན་སྤང་བླང་མ་འཛོལ་བ་བྱ་རྒྱུ་གལ་ཆེན་པོ་ཡིན།
དེང་སང་བཙན་བྱོལ་བོད་མི་རྣམས་འཚོ་འཁོས་ཀྱི་གནས་བབ་ཡར་རྒྱས་སོང་སྟེ། གཞོན་སྐྱེས་ཚོར་ཤེས་ཡོན་གྱི་ཆུ་ཚད་ངེས་ཅན་ལྡན་པ་དང་། སོ་ནམ་འདེབས་ལས་དང་ཚོང་ཁེ་གཉེར་སྐྱོང་གི་རང་ཁ་རང་གསོའི་ནུས་པ་གང་འཚམ་འགྲིག་ངེས་ཡོད་པ་འདི་དག་ཀྱང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་ལོ་ ༦༠ ལྷག་རིང་། ཐད་ཀར་རམ་བོད་མིའི་སྒྲིག་འཛུགས་བརྒྱུད་རྒྱ་གར་དང་ཨ་རིས་མཚོན་པའི་རྒྱལ་ཁབ་དང་། ཚོགས་སྡེ་ཁག་ལ་རྒྱུན་མཐུད་འབྲེལ་གཏུག་གནང་སྟེ། རོགས་དངུལ་ཐབས་འཚོལ་དང་། ལས་གཞི་འཆར་སྒྲིག་གི་འབྲས་བུ་སྨིན་པ་ཞིག་ཡིན་པའི་བཀའ་དྲིན་ཚོར་བ་དང་། བཀའ་དྲིན་དྲན་དགོས་པའང་གལ་ཆེན་པོ་ཡིན།
ད་ཆ་ལས་ངན་སྨོན་ལམ་ལོག་པ་རེ་ཟུང་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དྲིན་ལན་ལོག་འཇལ་གྱིས་གཞི་མེད་སྒྲོ་སྐུར་མངོན་སུམ་འཛེམས་མེད་དུ་ཡོང་བཞིན་པ་འདི་དག་ནི། དེ་སྔོན་ཡང་དང་ནན་གྱིས་བརྗོད་ཟིན་པ་ལྟར་ཡན་པོར་མི་གཏོང་བར་མ་ཟད། མཐའ་གཅིག་ཏུ་གདོང་ལེན་བྱ་རྒྱུ་དང་། གཞུང་བསྟེན་དགྲ་ལྷའི་གཙོ་བོ་སྲུང་མ་དམར་ནག་གཉིས་ཀྱིས་གཙོོས་པའི་དཀར་ཕྱོགས་སྐྱོང་བའི་སྲུང་མ་མཐུ་རྩལ་ཅན་རྣམས་ཀྱིས་ཀྱང་ལས་ངན་འདི་དག་གི་བསམ་ངན་སྦྱོར་རྩུབ་མི་མངོན་དབྱིངས་སུ་ཉེ་བར་ཞི་བའི་འཕྲིན་ལས་ཚུལ་བཞིན་སྒྲུབ་པའི་འཕྲིན་བསྐུལ་ཡང་གདུང་ཤུགས་དྲག་པོས་ཞུ་རྒྱུ་ཡིན།
སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་འགྲོ་བ་མིའི་དུས་རབས་ཀྱི་སློབ་སྟོན་པ་རླབས་ཆེན་ཞིག་དང་། བོད་རྒྱ་མི་རིགས་གཉིས་ཀྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་སྒྱུར་ཐུབ་པའི་མི་སྣ་གལ་ཆེན་ཞིག་ཡིན་པས། རྒྱ་གཞུང་ནས་༸གོང་ས་༸་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྡུས་ཚེ་བོད་དོན་ཞི་ཡལ་དུ་འགྲོ་བར་ཚོད་དཔག་བྱེད་མཁན་དེའི་གྲས་ཀྱི་ལོག་བཤད་ལ་མ་རྨོངས་པར། ༸གོང་ས་མཆོག་ནི་བོད་རྒྱའི་དཀའ་རྙོག་སེལ་བའི་ལྡེ་མིག་ཅིག་ཡིན་པའི་དངོས་དོན་ངོ་མ་ངོས་འཛིན་ཞུས་ཏེ། བོད་རྒྱ་མི་རིགས་གཉིས་བསྐལ་བའི་བར་དུ་ཞི་བདེ་མཛའ་མཐུན་ངང་མཉམ་གནས་མཉམ་འཚོ་ཐུབ་པའི་ལོ་རྒྱུས་ཀྱི་གོ་སྐབས་ཆུད་ཟོས་སུ་མ་བཏང་བར། གཉིས་སྨན་དབུ་མའི་ལམ་གྱི་དགོངས་དོན་འོག སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༸གོང་ས་མཆོག་རྒྱ་ནག་དང་བོད་ནང་གཟིགས་སྐོར་དུ་༸ཞབས་སོར་འཁོད་ཐབས་བསམ་ཞིབ་གང་མགྱོགས་ཡོང་བའི་འབོད་སྐུལ་ཞུ་གི་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་ལོ་ ༦༠ རིང་སྐུ་ངལ་ཚད་མེད་བསྐྱོན་ནས་མང་གཙོའི་གོམ་སྟབས་བཞི་ལ་བརྟེན་ནས་གསར་འཛུགས་དང་འཐུས་ཚང་བཟོས་པའི་སྒྲིག་འཛུགས་འདི་ནི། བོད་ཆོལ་ཁ་གསུམ་དང་ཆོས་བརྒྱུད་རིས་སུ་མ་ཆད་པ་ཐུན་མོང་གི་སྒྲིག་འཛུགས་ཤིག་ཡིན་ལ། བོད་ཆོལ་ཁ་གསུམ་དང་ཆོས་བརྒྱུད་རིས་སུ་མ་ཆད་པ་ཐུན་མོང་གིས་སྒྲིག་འཛུགས་འདི་ཁ་ལོ་སྒྱུར་དགོས་པ་དང་། སྒྲིག་འཛུགས་འདིའི་བསྒྲུབ་བྱ་ནི་བོད་ཆོལ་ཁ་གསུམ་དང་ཆོས་བརྒྱུད་རིས་སུ་མ་ཆད་པ་ཐུན་མོང་གི་ཁེ་ཕན་ཡིན་པས། སྒྲིག་འཛུགས་འདི་ཚགས་ཚུད་ཡར་རྒྱས་ཡོང་བ་ལ། གང་ཟག་གིས་དབང་བསྒྱུར་མ་ཡིན་པར། ཁྲིམས་ཀྱིས་དབང་བསྒྱུར་བྱེད་དགོས་ཤིང་། ཁྲིམས་ཀྱི་དབང་བསྒྱུར་ནི་སྤྱི་སྙོམས་དྲང་བདེན་གྱི་དམ་བཅའ་དང་པོ་དེ་ཡིན་ཞེས་གསལ་བསྒྲགས་རིམ་པར་ཞུས་ཟིན་པ་ཡིན་སྟབས། རྩ་དོན་འདི་དང་འགལ་བའི་ཆ་གང་ལའང་གོམ་བཤོལ་དང་། བསྟུན་འགྲིག་གི་ལམ་ཁ་བཙལ་ན་མང་གཙོའི་གཞི་རིམ་ལྟ་གྲུབ་དང་འགལ་བ་མ་ཟད། མིང་དོན་མཚུངས་པའི་མང་གཙོ་ཡོང་ཐབས་མེད། ང་ཚོར་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ལྟ་གྲུབ་ཀྱི་ཐོག་ནས་རྩེ་མཐུན་མ་བྱུང་བའི་དཀའ་རྙོག་འཕྲད་སྐབས། མ་མཐུན་པའི་ཕྱོགས་སོ་སོ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་འདུམ་འགྲིག་གི་ཐབས་ཤེས་བསྟེན་དགོས་པ་ལས། ཐབས་ཤེས་འདི་དོར་ཚེ་སྤྱི་སྙོམས་དྲང་བདེན་ཡོང་ས་མེད་ལ། ཁྲིམས་ཀྱིས་དབང་བསྒྱུར་ཡང་ཡོང་ས་མེད། རྒྱུ་མཚན་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི་མང་གཙོའི་སྲོག་ཤིང་ཡིན་པས། སྲོག་ཤིང་དོར་བའི་མང་གཙོ་ནི་སྤྱི་ཚོགས་ཤིག་ནང་འཚོ་གནས་ཐུབ་པའི་གཞི་རྟེན་མེད་པས། ཚང་མས་དེ་དོན་དགོངས་འཇགས་ཡོང་བའི་འབོད་སྐུལ་ཞུ་རྒྱུ།
རྩ་དོན་འདིའི་འོག ང་ཚོ་ཚང་མས་ཁ་གཏད་ངོ་མ་ངོས་ཟིན་པའི་ཐོག་ནས་རང་གཞན་རོགས་གསུམ་གྱི་མི་མཐུན་པའི་ཆ་རྣམས་གོ་བསྡུར་སྦྱངས་བཤད་ཀྱི་ལམ་ནས་མཐུན་པ་བཟོས་ཏེ། རྩ་དོན་དང་སྤྱི་པའི་བདེ་དོན་ཐོག་ཚང་མའི་ནུས་པ་མཉམ་སྤུངས་བྱ་རྒྱུ་ནི། ལོ་རྒྱུས་ཀྱིས་བཙན་བྱོལ་བོད་མི་ཚོར་བསྐུར་བའི་ལས་འགན་བཟློག་ཏུ་མེད་པ་དེ་ཡིན། རྒྱུ་མཚན་ནི། ང་ཚོ་རྩ་དོན་འཐབ་རྩོད་བྱེད་མཁན་གྱི་མི་རབས་ཤིག་ཡིན་པ་ལས། ལྟོ་གོས་གཏམ་གསུམ་འཚོལ་སྒྲུབ་བྱེད་མཁན་ཞིག་མིན་པས། འཐབ་རྩོད་ཀྱི་གོང་བུའི་ནུས་ཤུགས་གཅིག་ཏུ་བསྒྲིལ་སླད་ཚང་མས་རང་ནུས་གང་ཡོད་སྤྱི་དོན་ཐོག་མཉམ་སྤུངས་གནང་རྒྱུ་ནི་ང་ཚོའི་འཐབ་རྩོད་ནུས་ལྡན་འབྱུང་བའི་གཞི་རིམ་གྱི་དགོས་མཁོ་ཞིག་ཡིན།
གནས་སྟངས་དང་ཁོར་ཡུག་གང་གི་འོག་ཏུ་ཡིནའང་། ང་ཚོ་འདས་ཟིན་པའི་དཀའ་རྙོག་ལ་འཐམ་འཁྱུད་བྱས་ཏེ་སོར་གནས་བྱེད་ཐབས་མེད་པ་དང་། དེའི་ཐོག་རྩོད་གླེང་བྱས་ཏེ་ཕྱིར་བཤིག་རྒྱག་ཐབས་ནི་དེ་བས་ཀྱང་མེད་པས། ཁྲིམས་སྒྲིག་དང་མཐུན་པའི་ཐོག་ནས་ཐབས་ལམ་འཚོལ་རྒྱུ་ནི་གོམ་པ་མདུན་སྤོའི་ཁ་ཕྱོགས་ཡང་དག་པ་ཞིག་ཡིན།
འཛིན་སྐྱོང་བཀའ་ཤག་གི་ངོས་ནས། ཁྲིམས་སྒྲིག་གི་དགོངས་དོན་གཞིར་བཟུང་མང་གཙོའི་ཀ་བ་གསུམ་ཕན་ཚུན་ལྗིད་སྙོམས་སྟངས་འཛིན་གཙོ་བཟུང་ཐོག ལས་དོན་བྱེད་སྒོ་ཁག་བཟང་ཕྱོགས་སུ་གོམ་པ་སྤོ་བཞིན་པ་དང་། མ་འོངས་པར་ཡང་བོད་ཀྱི་རྩ་དོན་དང་བོད་མིའི་བདེ་དོན་སྒྲུབ་ཕྱོགས་ཐད་དེ་བཞིན་དུ་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད།
ཡངས་པའི་འཇིག་རྟེན་སྤྱི་དང་བྱེ་བྲག་བོད་མིའི་འཕྲལ་ཕུགས་ཀྱི་ཕན་བདེ་མཐའ་དག ། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བརྩེ་ཆེན་མཛད་འཕྲིན་དང་། སྐུ་ཚེ་བསྐལ་བརྒྱར་རྟག་ཏུ་བརྟན་པའི་རྗེས་སུ་འགྲོ་ལྡོག་བྱེད་པ་ཡིན་པས། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་མགོན་པོ་གང་ཉིད་ཀྱི་བཀའ་སློབ་ཁག་ལ་སློབ་སྦྱོང་དང་ཉམས་ལེན་ཚུལ་བཞིན་ཞུས་ཏེ། ལྷ་དགོངས་འཁྲུག་གཞིའི་ལས་ངན་མི་གསོག་པ་དང་། དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་དོན་མེད་ཁ་འཛིང་དང་། ཕྱོགས་རིས་འཐེན་འཁྱེར་མི་བྱེད་པར་སྤྱི་ཚོགས་བདེ་དོན་ལ་བསམ་ཤེས་དང་། ད་ལྟའི་རྒྱལ་སྤྱི་ཁྱོན་ཡོངས་ཀྱི་ཆབ་སྲིད་ཀྱི་གནས་སྟངས་འོག །བོད་ཀྱི་བདེན་དོན་འཐབ་རྩོད་ཆེད་གསེར་ལྟ་བུའི་གོ་སྐབས་དམ་འཛིན་གྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཞལ་རས་དུས་རྟག་ཏུ་ཡིད་ལ་ཤར་བའི་ཐོག་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་ནི། སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་སྐབས་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་ངོ་མ་དེ་ཡིན་པ་གདོན་མི་ཟ་བས། རང་ཅག་ཚང་མས་ཁེ་ཉེན་དགེ་སྡིག་གི་སྤང་བླང་ཚུལ་བཞིན་གནང་སྐྱོང་གི་འབོད་བསྐུལ་ཞུ་རྒྱུ་ཡིན།
མཐའ་དོན། མགོན་པོ་གང་ཉིད་སྐུ་ཚེ་ྋཞབས་པད་བསྐལ་བརྒྱར་བརྟན་ཅིང༌། བོད་མི་ཚེ་འདས་ཡོངས་ཀྱི་ཤི་ཁའི་ཁ་ཆེམས་དང་གསོན་པོའི་རེ་འདོད་ལྟར། བོད་ནང་ཞབས་སོར་མགྱོགས་མྱུར་བདེ་འཁོད་ཐུབ་པ་དང༌། ཐུགས་ཀྱི་བཞེད་དོན་མཐའ་དག་འབད་མེད་ལྷུན་གྱིས་གྲུབ་སྟེ། གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་མགྱོགས་ནས་མྱུར་དུ་འཆར་བ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། བཀའ་ཤག་གིས་ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༦ ལ།། །།