༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༡༣ ནས་ ༡༥ བར་ཨ་རིའི་རྒྱ་ས་ཝ་ཤིང་ཊོན་དུ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་འགན་འཛིན་ཟུར་པ་སྐུ་ཞབས་སེ་མུལ་བྷ་རོན་བྷེག་ (Sam Brownback) མཆོག་གིས་དྲ་ལམ་བརྒྱུད་རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་ཚོགས་འདུ་བསྐོང་ཚོགས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༡༥ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་བརྙན་འཕྲིན་བརྒྱུད་རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་ཚོགས་འདུའི་ཐོག་གསུང་འཕྲིན་སྩལ་བའི་ནང་འཁོད་དོན། མཆེད་གྲོགས་ཕོ་མོ་རྣམ་པར་ཞུ་རྒྱུར། སྤྱིར་ང་རང་ཚོ་འགྲོ་བ་མིའི་རིགས་ལ་དུད་འགྲོ་སེམས་ཅན་དང་མི་འདྲ་བར་རྣམ་དཔྱོད་ཕུལ་དུ་བྱུང་བ་ཞིག་ཡོད་པ་མ་ཟད། ང་ཚོར་འབྱུང་འགྱུར་གྱི་རིགས་ལ་སྔོན་ནས་ཚོད་དཔག་བྱ་རྒྱུའི་ནུས་པ་ཡང་ཡོད། ཚུལ་དེ་ལྟ་བུའི་སྒོ་ནས་ད་ལྟ་ང་ཚོར་ཡོད་པའི་ཆོས་ལུགས་འདྲ་མིན་སྣ་ཚོགས་པ་རྣམས་དར་འཕེལ་ཡང་བྱུང་ཡོད། དེར་བརྟེན་ཆོས་བྱེད་རྒྱུའི་རང་དབང་དེ་ཡང་དོན་ལ་ནང་སེམས་ཀྱི་བསམ་བློའི་རང་དབང་གི་རྣམ་པ་ཞིག་ཅི་ནས་ཀྱང་ཡིན། ཆོས་ལུགས་མི་འདྲ་བ་སྣ་ཚོགས་པར་ལྟ་གྲུབ་དང་ཉམས་ལེན་གྱི་རྣམ་པ་མི་འདྲ་བ་ཡོད་ཀྱང་། ཚང་མས་གཅིག་མཚུངས་སུ་བྱམས་བརྩེ་དང་། བཟོད་བསྲན། འདོད་ཆུང་ཆོག་ཤེས། ཚུལ་ཁྲིམས་ཀྱི་བསླབ་བྱ་བཅས་གསུང་གི་ཡོད།
འདོད་ཆུང་ཆོག་ཤེས་དང་ཚུལ་ཁྲིམས། དེ་བཞིན་གཞན་གཅེས་འཛིན་གྱི་བསམ་པ་ལ་སོགས་པའི་བཟང་པོའི་ཡོན་ཏན་རྣམས་ཆོས་མེད་མཁན་ཚོར་དགོས་མཁོ་ཆེན་པོ་ཡོད། ཆོས་ལུགས་ཚང་མས་སྙིང་རྗེ་སྟེ་གཞན་ལ་གུས་བརྩི་དང་གཞན་ཕན་གྱི་བསམ་པ་བཅས་བསྐྱེད་དགོས་པའི་བསླབ་བྱ་གསུང་གི་ཡོད། འོན་ཀྱང་ལྟ་གྲུབ་ཀྱི་སྒོ་ནས་ཆོས་ལུགས་དེ་དག་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད། ང་ཚོས་འདི་དག་ལ་སྤྱིར་ཆ་གཉིས་ཀྱི་སྒོ་ནས་ལྟ་དགོས་པ་ཡིན། དེ་གཉིས་ཀྱི་ཆ་གཅིག་ནི་དྲང་ཚུགས་དང་ཚུལ་ཁྲིམས་དང་ལྡན་པར་དགོས་ཚུལ། དེ་བཞིན་གཞན་ཕན་གྱི་བསམ་པ་འཆིང་ཞིང་ཁོང་ཁྲོ་ཇེ་ཉུང་དུ་གཏོང་རྒྱུ་སོགས་ཡིན། དེ་དག་ཚང་མ་ཆོས་ནས་གསུངས་པའི་བཟང་པོའི་ཡོན་ཏན་ཡིན་ཞིང་། ཆོས་ལུགས་ཚང་མས་དེ་དག་སློབ་ཀྱི་ཡོད། ཆ་གཞན་ནི་ལྟ་གྲུབ་ཡིན་ཞིང་། དེ་ལ་ཡང་མི་འདྲ་བ་མང་པོ་ཡོད་ཀྱང་། ལྟ་གྲུབ་ཀུན་གཞན་ཕན་གྱི་བརྩེ་བ་གོང་མཐོར་གཏོང་རྒྱུར་དམིགས་པའི་ཐབས་ལམ་ཡིན་ཞིང་། བརྩེ་བ་དེ་དག་གི་དངོས་གཞིའི་བསླབ་བྱ་དེ་ཡིན། དཔེར་ན་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་རྣམས་ཀྱིས་ཀུན་གྱི་བྱེད་པོའི་དཀོན་མཆོག་ཅིག་ཁས་ལེན་གྱི་ཡོད། དེ་ལས་ལྡོག་སྟེ་གཅེར་བུ་བ་དང་ནང་པ་ལྟ་བུའི་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་རྣམས་ནི་རྒྱུ་མཚན་བཀོད་སྟངས་གོང་ལྟར་མིན་པར་གཞན་ཞིག་གི་རྗེས་སུ་འབྲང་གི་ཡོད། འོན་ཀྱང་དེ་གཉིས་ཀའི་ཐུན་མོང་བའི་བསླབ་བྱ་ནི་མི་བཟང་པོ་དང་དྲང་ཚུགས་བདེན་ཞིང་གཡོ་རྫུན་མེད་པ་བྱེད་རྒྱུ་དེ་ཡིན།
མདོར་ན། ང་ཚོས་སྤྱིར་ཆོས་ལ་དད་ཅིང་ཡིད་ཆེས་པའི་རིམ་པ་གཅིག་དང་། ཆོས་ཀྱི་བསླབ་བྱའི་སྙིང་པོ་སྟེ་བདེན་པར་སྨྲ་ཞིང་བྱམས་བརྩེ་དངོས་སུ་ཉམས་ལེན་མཁན་གྱི་རིམ་པ་གཉིས་སུ་དབྱེ་ཆོག་པ་ཡིན། དེང་གི་དུས་སུ་ང་ཚོར་འགྲོ་བ་མི་ཐེར་འབུམ་བདུན་པོ་ཐམས་ཅད་ལ་དམིགས་པའི་གཅིག་གྱུར་གྱི་འདུ་ཤེས་འཆར་རྒྱུ་དེ་ཤིན་ཏུ་གལ་ཆེན་པོར་གྱུར་ཡོད། དེ་ཡང་མི་ཡིན་པའི་ཆ་ནས་གཅིག་གྱུར་གྱི་འདུ་ཤེས་དང་ཕན་ཚུན་གུས་བརྩི་དང་གཅིག་ཕན་གཅིག་གྲོགས་བྱེད་རྒྱུར་ཡི་རང་གི་བསམ་པ་དང་ལྡན་པར་བྱེད་དགོས། ཆོས་མེད་མཁན་ཚོས་ཀྱང་འདི་དག་དགོས་མཁོར་ཡོད་པ་མཐོང་ངེས་ཡོད། སྔར་འདས་པའི་དུས་སུ་མ་ཟད་སྟབས་མ་ལེགས་པ་ཞིག་ལ་དེང་སང་ཡང་ཆབ་སྲིད་ཀྱི་དགོས་མཁོ་དང་། དབང་ཆར་བརྔམས་ཏེ་བཀོལ་སྤྱོད་ངན་པའི་འོག་ལ་ཆོས་ལུགས་དེ་དག་ཚུད་འགྲོ་ཡི་ཡོད།
དེའི་དབང་གིས་ཆོས་ལུགས་རྗེས་འབྲང་ཁ་ཤས་ཀྱི་དབར་ལ་འཐབ་རྩོད་ཀྱི་གནས་ཚུལ་ཡང་ཡོང་གི་ཡོད། འོན་ཀྱང་དེ་ལྟ་བུའི་འཁོན་འཛིན་གྱི་བསམ་པ་དེ་ང་ཚོས་རིང་དུ་དོར་དགོས། དུས་རབས་ཉེར་གཅིག་པའི་སྐབས་འདིར་ང་ཚོར་ཉམས་མྱོང་ཤིན་ཏུ་མང་པོ་བྱུང་ཡོད། ད་བར་ཆོས་ལུགས་ཁ་ལ་འཁྱེར་ནས་འཁྲུག་རྩོད་མི་ཉུང་བ་བྱུང་བ་དག་ལ་ཞེ་ཁྲེལ་གྱི་བསམ་པ་སྐྱེ་རྒྱུ་གལ་ཆེ་ཞིང་། ད་ནས་བཟུང་སྟེ་ཕན་ཚུན་འཆམ་མཐུན་ཡོད་པའི་མུར་མཉམ་གནས་དང་མཉམ་སྤྱོད་ཡོང་རྒྱུར་ཡང་ངེས་པར་འབད་བརྩོན་གནང་དགོས། འདི་ནི་ངོས་ཀྱི་ཡོངས་ཁྱབ་ཏུ་སྤེལ་རྒྱུའི་བསླབ་བྱ་གཙོ་བོ་ཡིན། ཞེས་གསུང་འཕྲིན་སྩལ་ཡོད་པ་བཅས།།