༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༨ རེས་གཟའ་ཕུར་བུ་ཉིན་གྱི་སྔ་དྲོར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཝིར་བྷདྲཱ་སིངྒ་(Shri Virbhadra Singh) མཆོག་ནད་གཞིའི་རྐྱེན་པས་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོ་བའི་གནས་ཚུན་ཐོན་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པོ་དམ་པ་དེ་ཉིད་ཀྱི་སྐུ་ཟླ་ལྕམ་སྐུ་པྲ་ཏི་བྷ་སིངྒ་ (Shmt Pratibha Singh) མཆོག་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བའི་ནང་འཁོད་དོན། སྐུ་ཞབས་ཝིར་བྷདྲཱ་སིངྒ་མཆོག་གིས་གཞན་གྱི་ཆེད་དུ་བློས་བཏང་གིས་ཞབས་འདེགས་ཞུས་ཏེ་མི་ཚེ་དོན་དང་ལྡན་པ་བསྐྱལ་ཡོད།
དམ་པ་དེ་ཉིད་ཀྱིས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་མི་མང་གི་དགོས་མཁོར་གསན་བཞེས་གནང་སྟངས་ལ་ངོས་རང་ཡིད་སྨོན་སྐྱེས་མྱོང་། ང་ཚོ་ཕན་ཚུན་ངོ་ཤེས་པ་ནས་བཟུང་ཁོང་གིས་ལོ་མང་རིང་ངོས་ལ་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་མཛའ་གྲོགས་ཀྱི་འདུ་ཤེས་བཞག་གནང་ཡོད། སྐུ་ཞབས་ཝིར་བྷདྲཱ་སིངྒ་མཆོག་ནི། ཧི་མཱ་ཅལ་ཁུལ་གྱི་རྒྱལ་པོའི་འཛིན་སྐྱོང་མངའ་སྡེ་བྷུ་ཤཱར་རཱཇ་ (Bushahr ) ས་ཁུལ་ནས་ཡིན་ཞིང་། ལོ་རྒྱུས་ཐོག་ནས་དེ་སྔ་ཧི་མ་ཅལ་ཁུལ་གྱི་རྒྱལ་པོའི་འཛིན་སྐྱོང་མངའ་སྡེ་བྷུ་ཤཱར་དང་། དེའི་ཁྱིམ་མཚེས་བོད་ཀྱི་ནུབ་ཕྱོགས་ས་ཁུལ་ཁག་གི་དབར་འབྲེལ་བ་དམ་ཟབ་ཡོད། ཧི་མཱ་ཅལ་མངའ་སྡེའི་ནང་ཞབས་འདེགས་ཡུན་རིང་ཤོས་ཞུས་གནང་མཁན་ང་ཚོའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཝིར་བྷདྲཱ་སིངྒ་མཆོག་དྲན་ངེས་ཡིན། ཐུགས་སྨོན་དང་བཅས། ཞེས་འཁོད་ཡོད།།