༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༢༣ ཉིན་འཛམ་གླིང་ཡོངས་ཕྱི་ལོ་ ༢༠༢༡ ལོའི་ཉི་ཧོང་གི་ཨོ་རྩེད་འགྲན་ཚོགས་ཀྱི་དབུ་འཛུགས་མཛད་སྒོར་གཟིགས་བཞིན་པ་དང་འབྲེལ། སུད་སིར་རྟེན་གཞི་བྱས་པའི་བོད་རིགས་ཚོགས་པ་བཞིས་སུད་སིའི་རྒྱལ་ས་བྷན་ (Bern) ནང་བཞག་པའི་རྩ་འཛིན་ལ་གཞིག་སྟེ་ཨོ་རྩལ་མཐུན་ཚོགས་ཀྱིས་པེ་ཅིང་དགུན་དུས་ཨོ་རྩེད་འགྲན་ཚོགས་འཚོགས་རྒྱུ་ཐག་གཅོད་གནང་བ་དེ་དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་མཐུན་ཚོགས་ (OECD) ཀྱི་རྩ་འཛིན་ལས་འགལ་བའི་ཞུ་གཏུགས་བྱས་ཡོད།
དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་རྩ་འཛིན་ནང་རྒྱལ་ཁོངས་ལས་བརྒལ་བའི་ཁེ་ལས་ཚོང་རིགས་རྒྱལ་སྤྱིའི་ཨོ་རྩེད་མཐུན་ཚོགས་སོགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱ་དགོས་པ་དང་། ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩེད་འགྲན་ཚོགས་ལྟ་བུས་བྱེད་སྒོའི་སྐབས་འགྲོ་བ་མིའི་ཐོབ་ཐང་ལ་འགན་ཁུར་ཞུ་དགོས་པ་སོགས་འཁོད་ཡོད། འོན་ཀྱང་རྒྱལ་སྤྱིའི་ཨོ་རྩེད་མཐུན་ཚོགས་ནས་རྒྱ་ནག་གཞུང་གིས་ཡོངས་ཁྱབ་ཏུ་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་མཁན་ཚོགས་པ་དག་གིས་གསལ་བཏོན་བྱེད་ཀྱི་ཡོད་ཀྱང་སྣང་མེད་དུ་སྐྱུར་གྱི་ཡོད། ད་ཆ་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩེད་འགྲན་ཚོགས་སུ་གཞུང་འབྲེལ་སྐུ་ཚབ་མཉམ་ཞུགས་མི་བྱེད་པའི་སྐད་འབོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད།
དེ་ཡང་སུད་སིར་རྟེན་གཞི་བྱས་པའི་སུད་བོད་མཛའ་འབྲེལ་ཚོགས་པ་དང་། ཡུ་རོབ་ཁུལ་གྱི་བོད་རིགས་གཞོན་སྐྱེས་ཚོགས་པ། སུད་སི་དང་ལེག་ཊེན་སི་ཊེན་ (Liechtenstein) བོད་རིགས་སྤྱི་མཐུན་ཚོགས་པ། སུད་སི་བུད་མེད་ལྷན་ཚོགས་བཅས་ཀྱིས་ཐེངས་འདིའི་ཞུ་གཏུགས་ལས་འགུལ་སྤེལ་ཡོད་པ་དང་། ཚོགས་པ་བཞིས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་ཡོངས་ཁྱབ་ཏུ་བོད་ཀྱིས་གཙོས་ཡུ་གུར་དང་། ཧོང་ཀོང་། སོག་པོ། དེ་བཞིན་རྒྱ་ནག་གི་ས་ཁུལ་གཞན་སོགས་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ་ཤེས་རྟོགས་ཡོད་ཀྱང་། དེ་ལ་མ་ལྟོས་པར་རྒྱལ་སྤྱིའི་ཨོ་རྩེད་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩེད་འགྲན་ཚོགས་དེ་བཞིན་རྒྱ་ནག་ནང་འཚོགས་རྒྱུ་ཐག་གཅོད་གནང་ཡོད་སྐོར་དང་། བོད་ནང་གི་བོད་མི་ ༡༥༥ ཡིས་རང་ལུས་མེར་སྲེག་བཏང་བའི་གནད་དོན་དེས་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པའི་རྟགས་ཚན་གསལ་པོ་ཞིག་ཡིིན་པ་སོགས་འཁོད་ཡོད།
དེ་བཞིན་གསར་འགོད་གསལ་བསྒྲགས་ནང་། ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩེད་འགྲན་ཚོགས་ཀྱི་འགྲོ་གྲོན་གཏོང་མཁན་དང་། མཉམ་ལས་བྱེད་མཁན། དེ་བཞིན་རྒྱུ་ཆ་མཁོ་སྤྲོད་བྱེད་མཁན་སོགས་བཙན་ཤེད་ཀྱི་ངལ་རྩོལ་ལམ་ངལ་རྩོལ་བསྒྱུར་བཀོད་ཁང་དང་ཐད་ཀར་རམ་བརྒྱུད་ནས་འབྲེལ་བ་ཡོད།
ཐེངས་འདིའི་ཞུ་གཏུགས་ལས་འགུལ་སྣེ་འཁྲིད་མཁན་སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཐོ་མ་སི་ (Thomas Büchli) ལགས་ཀྱིས་གསུང་དོན། ཨོ་རྩེད་འགྲན་ཚོགས་ཀྱིས་འགྲོ་བ་མིའི་རིགས་ཀྱི་རིན་ཐང་མཚོན་གྱི་ཡོད་པས་དེ་ལ་གུས་བརྩི་དང་བརྩི་འཇོག་བྱེད་དགོས། འོན་ཀྱང་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩེད་འགྲན་ཚོགས་པེ་ཅིང་ནང་འཚོགས་རྒྱུ་ཡིན་པ་དེས། འགྲོ་བ་མིའི་རིགས་ཀྱི་རིན་ཐང་རྩ་མེད་བཟོས་པ་མཚོན། རྒྱལ་སྤྱིའི་ཨོ་རྩེད་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༠༨ ལོའི་ཨོ་རྩེད་འགྲན་ཚོགས་རྒྱ་ནག་ནང་ཚོགས་རྒྱུ་ཐག་བཅད་པ་དེ་ནོར་འཁྲུལ་ཞིག་ཏུ་ངོས་འཛིན་ཞུས་ན་ཆོག་ཀྱང་། ཕྱི་ལོ་ ༢༠༢༢ ལོའི་ཨོ་རྩེད་འགྲན་ཚོགས་རྒྱ་ནག་ནང་འཚོགས་རྒྱུ་ཐག་བཅད་པ་དེ་འགྲོ་བ་མིའི་རིགས་ལ་གནོད་འཚེ་བཟོས་པ་ཞིག་པ་ཡིན། དེར་བརྟེན་ཞུ་གཏུགས་དེ་བརྒྱུད་རྒྱལ་སྤྱིའི་ཨོ་རྩེད་མཐུན་ཚོགས་ཀྱི་གཞི་རྩའི་འགན་འཁྲི་ནི་འགྲོ་བ་མིའི་རིགས་ཀྱི་རིན་ཐང་དེ་དག་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་དྲན་སྐུལ་ཞུ་རྒྱུ་ནི་ང་ཚོའི་འོས་འགན་ཡིན་པ་འཚོར་གྱི་ཡོད་ཅེས་གསུངས།
གཞན་ཡང་སུད་སི་སྐུ་ཚབ་དོན་ཁང་གི་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས། གལ་གང་ཆེ་བ་ཞིག་ནི་ཕྱོ་ལོ་ ༢༠༢༢ ལོའི་པེ་ཅིང་ཨོ་རྩེད་འགྲན་ཚོགས་ལ་རྒྱལ་སྤྱིའི་ཨོ་རྩེད་མཐུན་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་གི་འགན་འཁྲི་ཁུར་ཏེ་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཀག་སྐྱིལ་བྱས་པ་རྣམས་ཨོ་རྩེད་འགྲན་ཚོགས་ཀྱི་གོ་སྒྲིག་སླད་ལོག་པར་མི་སྤྱོད་པའི་ངེས་བརྟན་བཟོ་དགོས། ཞེས་གསུངས། །