༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༡ ཉིན་སུད་སིའི་སྐུ་ཚབ་དོན་གཅོད་ཁང་གིས་རྒྱ་ནག་དམར་ཤོག་གིས་མནར་སྤྱོད་བཏང་ནས་ལོ་བརྒྱ་འཁོར་བ་ཞེས་པའི་ལོ་རྒྱུས་ཀྱི་དེབ་ཆུང་ཞིག་དབུ་འབྱེད་གནང་ཡོད།
དེ་ཡང་ཕྱི་ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་རྒྱ་ནག་དམར་ཤོག་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་བྱས་ཡོད། སུད་སིའི་སྐུ་ཚབ་དོན་ཁང་གིས་དབུ་འབྱེད་གནང་བའི་དེབ་ཆུང་དེའི་ནང་རྒྱ་ནག་དམར་ཤོག་གཞུང་གིས་ལོ་བརྒྱའི་རིང་བོད་དང་། ཤར་ཏུར་ཀི་སི་ཐན། ལྷོ་སོག་པོ་སོགས་ཚུད་པའི་གྲངས་ཉུང་མི་རིགས་རྣམས་ལ་མནར་སྤྱོད་བཏང་བའི་སྐོར་དྲན་སྐུལ་དང་། དེ་བཞིན་རྒྱ་ནག་དམར་ཤོག་གཞུང་གིས་བོད་ནང་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་སྟབས། བོད་མི་ས་ཡ་གཅིག་ལྷག་གི་ཚེ་སྲོག་ཤོར་བ་མ་ཟད། བོད་མིའི་ཆོས་དང་། རིག་གཞུང་། སྐད་ཡིག ཁོར་ཡུག ལོ་ངོ་སྟོང་ཕྲག་ལྷག་གི་བོད་མཐོ་སྒང་གི་འབྲོག་པ་རྣམས་ཀྱི་སྲོལ་རྒྱུན་གྱི་འཚོ་བ་སོགས་ལ་དོ་ཕོག་ཚབས་ཆེན་ཐེབས་པ། བོད་མི་ ༡༥༥ ཡིས་རྒྱ་ནག་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་མ་བཟོད་པར་རང་ལུས་མེར་སྲེག་བཏང་བ་སོགས་ཀྱི་སྐོར་འཁོད་ཡོད།
དེབ་ཆུང་དེ་ནི། བོད་དང་འབྲེལ་བའི་སྐོར་སྙན་ཐོ་བཏོན་པ་དང་། ལོ་རྒྱུས་ཀྱི་ཡིག་ཆ། དཔེ་དེབ་ཁག་ནས་ཟུར་འདོན་ཞུས་ཏེ་ཕྱོགས་སྒྲིག་གནང་བ་ཞིག་ཡིན། སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་རྒྱ་ནག་དམར་ཤོག་གིས་མནར་སྤྱོད་བཏང་ནས་ལོ་བརྒྱ་འཁོར་བ་ཞེས་པའི་ལོ་རྒྱུས་ཀྱི་དེབ་ཆུང་དབུ་འབྱེད་གནང་ཡོད་པ་བཅས།།