༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༦ ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་སྤྱི་མཐུན་ཚོགས་པས་རི་ཀོན་ཆོས་འཁོར་དགོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༦ ལ་ཕེབས་པའི་ྋསྐུའི་འཁྲུངས་སྐར་གྱི་དུས་ཆེན་མཛད་སྒོ་ཚོགས་ཡོད།
མཛད་སྒོའི་ཐོག་སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་དང་གསུང་བཤད་གནང་ཡོད། དེ་བཞིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་དང་རི་ཀོན་ཆོས་འཁོར་དགོན་གྱི་འགན་འཛིན་ཀརྨ་སྒྲོལ་མ་བློ་བཟང་ལགས་ཀྱིས་གསུང་བཤད་གནང་ཡོད།གཞན་ཡང་ཨི་ཊ་ལིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རོ་བྷར་ཊོ་རམ་པི་ (Mr. Roberto Rampi) མཆོག་དང་། ཨི་ཊ་ལིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ནོ་བྷི་ལི་ (Hon. Luciano Nobili) མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༦ ལ་ཕེབས་པའི་ྋསྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་གནང་ཡོད། ཨི་ཊ་ལིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རོ་བྷར་ཊོ་རམ་པི་མཆོག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸ཆེན་པོ་མཆོག་གིས་ཞི་བདེ་དང་འཆམ་མཐུན་གྱི་གལ་གནད་སྐོར་བཀའ་སློབ་སྩལ་བ་དེ་ནི་འགྲོ་བ་མི་ཡོངས་རྫོགས་ལ་སེམས་ཤུགས་སྐྱེད་པའི་འབྱུང་གཞི་ལྟ་བུ་རེད། ཅེས་གསུངས།
ཨི་ཊ་ལིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ནོ་བྷི་ལི་མཆོག་གིས་བརྙན་ཐུང་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸ཆེན་པོ་མཆོག་གི་ཞལ་རས་འཕྲོད་བཞེས་བཟང་པོ་ཡོད་པ་མཇལ་བས་ཧ་ཅང་དགའ་པོ་བྱུང་། ༧གོང་ས་མཆོག་གི་གསུང་སྐད་དང་། སྟོབས་ཤུགས། དགོངས་བཞེད་བཅས་ཀྱིས་ཆོས་ཕྱོགས་ཙམ་མ་ཡིན་པར་ཆབ་སྲིད་ཀྱི་ཐོག་ནས་ཀྱང་འཛམ་གླིང་གི་སྐྱེ་བོ་ཡོངས་ལ་སེམས་ཤུགས་སྐྱེད་དུ་འཇུག་གི་ཡོད། བོད་མིའི་འཐབ་རྩོད་རང་དབང་འགྲུབ་པར་ཤོག་ཅེས་གསུངས་ཡོད།དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟེན་སླད་ཨི་ཊ་ལིའི་ནང་གི་ཆོས་ཚོགས་ཁག་གིས་སྨོན་ལམ་གསུང་འདོན་གྱི་མཛད་སྒོ་ཚོགས་ཡོད། བྷུ་ཌ་པེ་སིའི་རྫོང་དགུ་པའི་གྲོང་སྡེའི་སྤྱི་ཁྱབ་ལྕམ་སྐུ་ཀར་སི་ཊི་ན་ (Krisztina Baranyi) ལགས་དང་གྲོང་སྡེའི་སྤྱི་ཁྱབ་གཞོན་པ་གཉིས་ཀྱིས་གྲོང་སྡེའི་ཚོགས་ཁང་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཞུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༦ ལ་ཕེབས་པའི་ྋསྐུའི་འཁྲུངས་སྐར་གྱི་དུས་ཆེན་སྲུང་བརྩི་ཞུས་གནང་ཡོད། ཕྱོགས་མཚུངས་ཧང་གྷ་རིའི་རྒྱལ་ས་བྷུ་ཌ་པེ་སིའི་ (Budapest) རྫོང་དང་པོའི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་ཧྥེ་རན་སི་ (Ference Garencsér) ལགས་ཀྱིས་གྲོང་སྡེའི་ཚོགས་ཁང་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཞུས་ཏེ་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་གནང་ཡོད།ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༦ ལ་ཕེབས་པའི་ྋསྐུའི་འཁྲུངས་སྐར་གྱི་དུས་ཆེན་སྲུང་བརྩི་དང་། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་སླད་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པས་རྐང་རྩལ་པོ་ལོ་འགྲན་སྡུར་གོ་སྒྲིག་ཞུས་གནང་ཡོད། ཅེས་གསུངས།།