༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༦ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མོར། ལྷོ་ཨ་ཕི་རི་ཀའི་ནང་རྟེན་གཞི་བྱས་པའི་ཨིན་ཀ་ཐ་རང་དབང་ཆབ་སྲིད་ཚོགས་པའི་ (Inkatha Freedom Party) འགན་འཛིན་དང་ཚོགས་པ་གསར་འཛུགས་གནང་མཁན་རྒྱལ་སྲས་སྐུ་ཞབས་མན་གྷོ་སུ་ཐུ་བྷུ་ཐེ་ལེ་ཛི་ (Prince Mangosuthu Buthelezi) མཆོག་གིས་འཚམས་འདྲིའི་བསྒྲགས་གཏམ་ཞིག་སྤེལ་གནང་སྟེ་༸སྐུའི་འཁྲུངས་སྐར་ཉིན་མོར་འཚམས་འདྲི་ཞུས་གནང་འདུག
དེ་ཡང་འཚམས་འདྲིའི་བསྒྲགས་གཏམ་ནང་འཁོད་དོན། འཛམ་གླིང་ཡོངས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༦ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་བཞིན་ཡོད་པ་བཞིན། ངས་རང་ཉིད་ཀྱི་གྲོགས་པོར་སྨོན་འདུན་བཟང་པོ་ཞུ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། ཁོང་མུ་མཐུད་སྐུ་གཟུགས་གསལ་ཐང་དང་། རེ་བ། བདེ་སྐྱིད་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
ཡིད་སྐྱོ་དགོས་པ་ཞིག་ལ་གོ་ལ་ཧྲིལ་པོར་ཁྱབ་པའི་ཏོག་དབྱིབས་གཉན་རིམས་ཚབས་ཆེ་འོག་མགོན་པོ་གང་ཉིད་ཀྱི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པ་ད་ལན་ཐེངས་གཉིས་པ་དེ་ཆགས་ཡོད། འཕྲུལ་རིག་ལ་བརྟེན་ནས་ང་ཚོ་ཚང་མ་མཉམ་དུ་དྲ་ཐོག་འཁྲུངས་སྐར་སྲུང་བརྩི་ཞུ་ཐུབ་པ་དེས། གལ་ཆེའི་ཉིན་མོ་འདི་སྔར་བཞིན་སྲུང་བརྩི་ཞུ་རྒྱུ་བྱུང་བར་ང་ཚོ་དགའ་ཚོར་ཆེན་པོ་བྱུང་།
ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ལྷོ་ཨ་ཕི་རི་ཀའི་ནང་དྲ་ཐོག་གི་བྱེད་སྒོ་ཁག་གོ་སྒྲིག་གནང་བ་དང་། དཀའ་ཚེགས་ཆེ་བའི་དུས་སྐབས་འདིར་བོད་དོན་རྒྱབ་སྐྱོར་བ་རྣམས་ཧུར་བརྩོན་བྱེད་དུ་བཅུག་པར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མགོན་པོ་གང་ཉིད་ཀྱིས་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་མི་མང་པོ་ཞིག་ལ་སེམས་དང་འབྲེལ་བའི་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་ཡོད་པ་ངས་ཤེས་བཞིན་ཡོད། རྒྱ་གར་གྱིས་གཙོས་འཛམ་གླིང་གི་ས་ཆ་མང་པོར་ཧ་ཅང་རིམ་པ་མཐོ་བའི་འགོས་ནད་ཕོག་བཞིན་ཡོད་པའི་དུས་འདིར། མགོན་པོ་གང་ཉིད་ཀྱི་བཙན་བྱོལ་དུ་གནས་པའི་བོད་མིར་རྒྱབ་སྐྱོར་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་རྟེན་གཞི་བྱས་ས་རྡ་སའི་བོད་མིར་རྒྱབ་སྐྱོར་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན།
མགོན་པོ་གང་ཉིད་ཀྱིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ལ་རྩིད་སྤྲོད་གནང་བ་ནས་བཟུང་ད་བར་ལོ་ ༡༠ ཕྱིན་ཡོད། དུས་དེ་ནས་བཟུང་འབུམ་རམས་པ་བློ་བཟང་སེངྒེ་མཆོག་གིས་བོད་མིའི་རང་དབང་འཐབ་རྩོད་དང་། མང་གཙོ་བཅས་ཀྱི་བྱ་གཞག་སྣེ་ཁྲིད་གནང་ཡོད་པ་དང་། ད་ཆ་སྲིད་སྐྱོང་གསར་པ་སྤེན་པ་ཚེ་རིང་མཆོག་གིས་འབད་བརྩོན་ཆེན་པོས་སྣེ་ཁྲིད་གནང་བཞིན་ཡོད། ང་དང་ཨིན་ཀ་ཐ་རང་དབང་ཆབ་སྲིད་ཚོགས་པ་གཉིས་ནས་མུ་མཐུད་འཐབ་རྩོད་དེར་རྒྱབ་སྐྱོར་ཞུ་རྒྱུ་ཡིན།
མགོན་པོ་གང་ཉིད་ཆོས་ཕྱོགས་ཀྱི་དབུ་ཁྲིད་དུ་རང་སོར་གནས་པར་ང་ཚོ་དགའ་ཚོར་ཆེན་པོ་བྱུང་། མགོན་པོ་གང་ཉིད་ཀྱི་ཞི་བདེ་དང་། ཚད་མེད་ཞི་བ། འགྲོ་བ་མིའི་ཆིག་སྒྲིལ་བཅས་ཀྱི་དམ་བཅའ་རང་ཉིད་ལ་རྟག་ཏུ་ངོས་འཛིན་གཅིག་མཐུན་བྱུང་། གཞི་རྩའི་ལྟ་གྲུབ་དེ་དག་ལ་བརྟེན་ནས་ངས་ཨིན་ཀ་ཐ་རང་དབང་ཆབ་སྲིད་ཚོགས་པ་གསར་འཛུགས་བྱས་པ་ཡིན་ལ་། ང་ལོ་ ༩༠ རིང་འཚོ་གནས་བྱེད་པའི་རྩ་དོན་ཡང་ཡིན།
མགོན་པོ་གང་ཉིད་ཀྱིས་སེམས་ཁམས་ཀྱི་བདེ་ཐབས་ཐད་ནུས་པ་གལ་ཆེན་ཞིག་བཏོན་བཞིན་ཡོད་པ་ཤེས་རྟོགས་ཀྱིས། ངས་ཁྱད་པར་ཅན་གྱི་ཉིན་མོ་འདིའི་ཐོག་འཚམས་འདྲི་ཞུ་རྒྱུ་བྱུང་བ་དགའ་ཚོར་བྱུང་། སྐུ་ཉིད་ཀྱི་འཁྲུངས་སྐར་ལ་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུ། བཅས་འཁོད་ཡོད། །