༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༦ ཉིན་ལི་ཐུ་ཝི་ནི་ཡའི་བོད་དོན་རྒྱབ་སྐྱོར་བ་ཚོའི་སྣེ་ཁྲིད་འོག་ལི་ཐུ་ཝི་ནི་ཡའི་ (Lithuania) གྲོང་ཁྱེར་ཝིལ་ནི་ཡས་ (Vilnius) ནང་ཡོད་པའི་བོད་ཀྱི་ཐང་ (Tibet Square) དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༦ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་བ་དང་སྦྲགས། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ (Kristupas Kavaliauskas) ལགས་ཀྱིས་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་ཀྱིས་བརྩམས་གནང་བའི་༸གོང་ས་མཆོག་གི་མཛད་རྣམ་ལས་བརྗོད་བྱ་ཟུར་འདོན་བྱས་པ་ཞིག་སྒྲོགས་སྦྱང་ཞུས།
དེ་བཞིན་མཛད་སྒོའི་ཐོག་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ (Robertas Mažeika) ལགས་ཀྱིས་ལི་ཐུ་ཝེ་ནི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚབ་ཞུས་ཏེ་གསུང་དོན། ལི་ཐུ་ཝི་ནི་ཡའི་གྲོང་ཁྱེར་ཝིལ་ནི་ཡས་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་ཐུབ་པ་ནི་དོན་སྙིང་ལྡན་པ་ཞིག་ཡིན། གང་ཡིན་ཞེས་ན་ཕྱི་ལོ་ ༢༠༠༩ ལོར་ས་ཁུལ་འདིར་བོད་ཀྱི་རང་དབང་ཐང་ཞིག་བསྐྲུན་ཡོད་པ་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེངས་གཉིས་འཆིབས་སྒྱུར་གནང་མྱོང་ཡོད། ༸གོང་ས་མཆོག་གིས་བོད་ཀྱི་ཐང་འདིར་དཀྱིལ་འཁོར་རབ་གནས་བཀའ་དྲིན་བསྐྱངས་གནང་མཛད་ཡོད་ལ་ཀུ་ཤུའི་སྡོང་པོ་ཞིག་ཀྱང་བཙུགས་ཡོད་པས་ང་ཚོས་སྔར་བཞིན་ང་ཚོའིི་གྲོང་ཁྱེར་ནང་ཁོང་གི་མཛའ་གྲོགས་ཀྱི་མཚོན་རྟགས་མཐོང་ཐུབ།
འོན་ཀྱང་དེ་ལས་གལ་འགངས་ཆེ་བ་ཞིག་ནི་༸གོང་ས་མཆོག་གི་བཀའ་སློབ་དེ་དག་ནི་འཛམ་གླིང་ས་ཕྱོགས་གང་སར་དུས་རབས་ཕྱེད་ཀ་ལྷག་ཁྱབ་སྤེལ་འགྲོ་བཞིན་ཡོད་ལ། འཛམ་གླིང་གི་མི་འབོར་ས་ཡ་ཁ་ཤས་ལ་སེམས་སྐུལ་ཐེབས་ཡོད། མགོན་པོ་གང་ཉིད་ཀྱི་དགོངས་པ་དེ་གླིང་ཆེེན་ཁག་ཏུ་ཀུན་གྱིས་ཤེས་པ་ཞིག་ཡིན་ཞིང་། རྒྱལ་ཁབ་མང་པོ་ཞིག་ནང་དར་ཁྱབ་ཡོད་པ་ཟད། དཔེ་དེབ་སྣ་ཚོགས་ནང་ལུང་འདྲེན་དང་པར་འགྲེམས་བྱས་ཏེ་མིའི་རིགས་ཀྱི་བསམ་པའི་ཤུལ་བཞག་ནང་གི་རྒྱུ་ནོར་རྩ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་ཅེས་གསུངས།མཛད་སྒོའི་སྐབས་སྦྱར་པང་ཞིག་གསར་བཙུགས་གནང་སྟེ་དེའི་ཐོག་ལི་ཐུ་ཝི་ནི་ཡ་དང་། ཨིན་ཇི། ཨུ་རུ་སུ་བཅས་ཀྱི་སྐད་ཡིག་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་འཁོད་ཡོད་པ་མ་ཟད། རྗེས་སུ་བོད་ཀྱི་ཐང་དུ་སུ་ཞིག་ལྟ་སྐོར་ལ་ཕེབས་ཀྱང་དེ་ནས་ཤོགས་ལྷེ་ལྷུག་མའི་ (leaflet) ནང་འཁོད་པའི་༸གོང་ས་མཆོག་གི་གསུང་ལུང་འདྲེན་བྱས་པ་ཁྱེར་ཆོག
ཐེངས་འདིའི་སྐུའི་འཁྲུངས་སྐར་གྱི་མཛད་རིམ་བརྒྱུད་གལ་འགངས་ཤིན་ཏུ་ཆེ་བའི་ཚེས་གྲངས་ཤིག་ངོ་སྤྲོད་བྱས་ཡོད་པ་ནི། ཕྱི་ལོ་ ༢༠༢༡ ཟླ་ ༩ ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ ༡༩༩༡ ལོར་ལི་ཐུ་ཝི་ནི་ཡ་ནང་ཚིབས་སྒྱུར་ཐེངས་དང་པོ་གནང་པ་ནས་ད་བར་ལོ་ ༣༠ འཁོར་བའི་དུས་ཆེན་འཁེལ་གྱི་ཡོད། ༸གོང་ས་མཆོག་གིཚིབས་སྒྱུར་རྗེས་ལི་ཐུ་ཝི་ནི་ཡའི་གྲོས་ཚོགས་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་བཙུགས་གནང་ཡོད་པ་དང་། ལོ་ཁ་ཤས་ཀྱི་རྗེས་བོད་དོན་སྐོར་དེབ་འགའ་ཤས་བྲིས་མྱོང་མཁན་སྐུ་ཞབས་ཨུར་གྷ་ཨི་ཝ་ནོ་སི་ཀེཌ་ (Jurga Ivanauskaite) ལགས་ཀྱི་སྣེ་ཁྲིད་འོག་གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གསར་འཛུགས་གནང་ཡོད་པ་ཟད། ཚོགས་པ་དེས་ལོ་ ༣༠ ལྷག་བོད་རང་དབང་འཐབ་རྩོད་ཀྱི་གནད་དོན་ཐད་འབད་བརྩོན་གནང་ཡོད།
ཐེངས་འདིའི་སྐུའི་འཁྲུངས་སྐར་གྱི་མཛད་སྒོ་དེ་བཞིན་ལི་ཐུ་ཝི་ནི་ཡའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་རྒྱ་ཆེན་པོ་སྤེལ་ཡོད་པ་བཅས། །