༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༦ ཉིན་རྒྱ་གར་ཨུ་ཏར་པྲ་དེཤ་མངའ་སྡེའི་རྩྭ་མཆོག་གྲོང་གི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (Bharat Tibbat Samvad Manch) གོ་སྒྲིག་འོག་རྣམ་རྒྱལ་གྲྭ་ཚང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༦ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་མཛད་སྒོ་གཟབ་རྒྱས་ངང་ཚོགས་ཡོད། འཁྲུངས་སྐར་དུས་ཆེན་མཛད་སྒོར་སྐུ་མགྲོན་གཙོ་བོ་ཨུ་ཏར་པྲ་དེཤ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རཱཇ་ནི་ཀནྟ་མ་ནི་ཏྲི་པ་ཐི་ (Shri Rajnikanth Mani Tripathi) མཆོག་དང་། དམིགས་བསལ་སྐུ་མགྲོན་ལག་ནའོ་ (Lucknow) ཁུལ་གྱི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་སན་ཇེ་ཤུག་ལ་ (Dr Sanjay Shukla) ལགས། དེ་བཞིན་རྒྱ་གར་དང་། ཤྲི་ལངྐཱ། ཐའེ་ལན་ཌི། ཝི་ཏི་ནམ། ཁམ་པོ་ཌི་ཡ། འབར་མ་བཅས་ཀྱི་སྐུ་ཚབ་དགེ་འདུན་པ་རྣམ་པ་མཉམ་ཞུགས་གནང་ཡོད།དེ་ཡང་རྩྭ་མཆོག་གྲོང་གི་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཤུབ་ལལ་ཤཱ་ (Dr. Shublal Shah) ལགས་ཀྱིས་ཚོགས་བཅར་བ་ཡོངས་ལ་ཕེབས་བསུའི་གསུང་བཤད་གནངབ་དང་འབྲེལ་༧སྐུའི་འཁྲུངས་སྐར་དུས་ཆེན་གོ་སྒྲིག་ཞུས་ཐུབ་པར་དགའ་ཚོར་བྱུང་བ་སོགས་ཀྱི་སྐོར་གསུངས། རྩྭ་མཆོག་གྲོང་དུ་རྟེན་གཞི་བྱས་པའི་ནང་བསྟན་མཐོ་སློབ་ཁང (Buddhist Studies, PG College) གི་སློབ་དཔོན་མམ་ཏཱ་མ་ནི་ཏྲི་པ་ཐི་ (Dr. Mamtamani Tripathi) ལགས་ཀྱིས་འཕགས་བོད་གཉིས་དབར་ལོ་རྒྱུས་ཀྱི་འབྲེལ་བ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་འགན། དེ་བཞིན་ཏཱ་ལའི་བླ་མ་ཞེས་པའི་མཚན་གནས་ཀྱི་བྱུང་བ་སོགས་ཀྱི་སྐོར་གསུངས། ས་གནས་ཀྱི་སྤྱི་ཚོགས་ལས་འགུལ་བ་ཝི་རན་དྲ་ན་ཐི་ཏྲི་པ་ཐི་ (Sh. Virendranath Tripathi) ལགས་ཀྱིས་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་གནང་བ་དང་འབྲེལ་བོད་ལ་རང་དབང་ཐོབ་རྒྱུ་ཡིན་པ་ངེས་པའི་སྐོར་གསུངས།རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ (the International Buddhist Association) འགན་འཛིན་དགེ་སློང་མ་ཧེནྡྲ་ (Bante Mahendra) ལགས་ཀྱིས་ནང་པའི་ཉམས་ལེན་སོགས་ཀྱི་སྐོར་གསུངས།
རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་སན་ཇེ་ཤུག་ལ་ (Dr Sanjay Shukla) ལགས་ཀྱིས་ཚོགས་བཅར་བ་ཡོངས་ལ་བོད་ཀྱི་གནད་དོན་དེ་བོད་མིའི་ངོ་བོ་འཚོ་གནས་ཁོ་ན་ཙམ་མིན་པར་ཨེ་ཤི་ཡ་དང་ལྷོ་ཨེ་ཤི་ཡ་ཡོངས་ཀྱི་ཁོར་ཡུག་རྒྱུན་གནས་དང་འབྲེལ་བ་ཡོད་པའི་བརྡ་ལན་སྤྲོད་དགོས་པའི་འབོད་སྐུལ་གནང་ཡོད།མཐར་སྐུ་མགྲོན་གཙོ་བོ་ཨུ་ཏར་པྲ་དེཤ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རཱཇ་ནི་ཀན་ཐི་མ་ནི་ཏྲི་པ་ཐི་མཆོག་གིས་གསུང་དོན། རྩྭ་མཆོག་གྲོང་གི་མི་མང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མ་འོངས་པར་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་སའི་གནས་ཁྱད་པར་ཅན་རྩྭ་མཆོག་གྲོང་དུ་ཆིབས་སྒྱུར་བསྐྱང་ཐུབ་པའི་གསོལ་བ་སྨོན་ལམ་དང་རེ་སྒུག་ཞུ་བཞིན་ཡོད། ཅེས་གསུངས།
དེ་རྗེས་སྐུ་ཞབས་རཇ་ནི་ཀན་ཐི་མ་ནི་ཏྲི་པ་ཐི་མཆོག་གིས་ལྗོན་ཤིང་འདེབས་འཛུགས་ཀྱི་མཛད་རིམ་མཇུག་བསྐྱངས་གནང་ཡོད་པ་བཅས།།