༄༅། །ཨ་རིའི་ཝིར་ཇི་ནི་ཡ་མངའ་སྡེའི་ (Virginia) ནང་དུ་ཉེ་ཆར་གསར་བཙུགས་གནང་བའི་ (IPKMedia) ཞེས་པའི་གོ་སྒྲིག་འོག་རྒྱ་ནག་དམར་ཤོག་གཞུང་བཙུགས་ནས་ལོ་བརྒྱ་འཁོར་བ་ཞེས་པའི་བརྗོད་གཞིའི་ཐོག་རྒྱ་ནག་དམར་ཤོག་གཞུང་གིས་རྒྱལ་ཁབ་གཏོར་སྐྱོན་དང་། མི་རིགས་ལ་གནོད་འཚེ་ཇི་ལྟར་བཏང་བ་སོགས་ཀྱི་ཐད་ཆུ་ཚོད་བརྒྱ་རིང་གོ་བསྡུར་ལས་རིམ་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་གོ་བསྡུར་གྱི་ལས་རིམ་ཐོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས། རྒྱ་ནག་མང་གཙོ་ཚོགས་པའི་འགོ་ཁྲིད་ཁག་གཅིག་དང་། གཙུག་ལག་སློབ་དཔོན་ཚེད་ཤ་ (Cai Xia) ལགས། རྒྱ་རིགས་ཁྲིམས་རྩོད་པ་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་ཁྲེན་ཀོང་ཁྲེང་ (Mr Chen Guangcheng) ལགས། རྒྱ་རིགས་མང་གཙོ་དོན་གཉེར་བ་ཝང་ཏན་ (Wang Dan) ལགས་བཅས་མཉམ་ཞུགས་གནང་ཡོད།
སྐབས་དེར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་ད་དུང་ཡང་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་སོགས་གཏོར་བཤིག་གཏོང་བཞིན་པའི་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གཉིས་སྨན་དབུ་མའི་ལམ་ནི་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐབས་ལམ་ཡིན། ཞེས་འགྲེལ་བརྗོད་གནང་བ་དང་། གཞན་ཡང་ཁོང་གིས་རྒྱ་ནག་གཞུང་གིས་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་རྒྱ་རིགས་དང་བོད་མི། ཡུ་གུར་བ། ཧོང་ཀོང་བ་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་སྟབས། ད་ལྟའི་ཆར་རང་དབང་ལྡན་པའི་རྒྱལ་ཁབ་དེ་དག་གིས་རྒྱ་ནག་འདི་བཞིན་ལོགས་སུ་དབྱེ་བ་འབྱེད་ཀྱི་ཡོད། ཅེས་གསུངས།དེ་རྗེས་གཙུག་ལག་སློབ་དཔོན་ཚེད་ཤ་ལགས་ཀྱིས་ལོ་རེ་བཞིན་རྒྱ་ནག་དམར་ཤོག་གཞུང་གདུག་རྩུབ་ཆེ་རུ་འགྲོ་བཞིན་ཡོད་སྐོར་གསུངས། རྒྱ་རིགས་ཁྲིམས་རྩོད་པ་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་ཁྲེན་ཀོང་ཁྲེང་ལགས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གི་འོག་ཕྲུ་གུ་ས་ཡ་མང་པོ་མ་སྐྱེས་གོང་གསོད་ཀྱི་ཡོད་པའི་སྐོར་གསུངས།
རྒྱ་རིགས་མང་གཙོ་དོན་གཉེར་བ་ཝང་ཏན་ལགས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གི་སྲིད་དབང་གཅིག་སྡུད་ལམ་ལུགས་མེད་པར་བཟོས་ཏེ་མང་གཙོ་ལམ་ལུགས་ངོ་སྤྲོད་གནང་རྒྱུ་ནི་ལམ་ཁ་གཅིག་པོ་ཡིན་པ། རྒྱ་རིགས་མང་གཙོ་དོན་གཉེར་བ་རྣམས་ནས་མཉམ་རུབ་ཀྱིས་ལས་འགུལ་སྤེལ་དགོས་པའི་་གལ་གནད་སྐོར་གསུངས།
རྩོམ་པ་པོ་གྲགས་ཅན་སུ་ཞའོ་ཁང་ལགས་ (Su Xiaokang) ལགས་ཀྱིས་དམར་དམག་རྒྱང་སྐྱོད་ (Long March) སྐབས་སུ་བོད་མིས་རྒྱ་ནག་དམར་ཤོག་ལ་རོགས་སྐྱོར་གནང་ཡོད། རྒྱ་ནག་དམར་ཤོག་གཞུང་གིས་དེའི་དྲིན་ལན་འཇལ་རྒྱུའི་ཚབ་ཏུ་བོད་ས་ཡོངས་རྫོགས་དབང་སྒྱུར་བྱས་ཏེ་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། ངོ་བོ་སོགས་རྩ་གཏོར་གཏོང་བཞིན་ཡོད། ཅེས་གསུངས།
གོང་གི་བརྗོད་གཞིའི་ཐོག་ཨོ་སི་ཀྲི་ལི་ཡ་དང་ཡུ་རོབ། ཐེ་ཝན་བཅས་ཀྱི་རྒྱ་ནག་མང་གཙོ་ཚོགས་པའི་འགོ་ཁྲིད་ཁག་གཅིག་དང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་རྒྱ་ཡིག་ཚན་པའི་འགན་འཛིན་བསྟན་འཛིན་བདེ་ལྡན་ལགས། ཐེ་ཝན་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས། དེ་བཞིན་བྱང་ཨ་རིའི་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་བཅས་ཀྱིས་ཕྱི་ཚེས་ ༣༠ ཉིན་མུ་མཐུད་བགྲོ་གླེང་གནང་ཡོད་པ་བཅས།།