༄༅། །ཕྱི་ལོ ༢༠༢༡ ཟླ་ ༧ ཚེས་ ༦ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བོད་དོན་སྐོར་གྱི་སྙན་ཐོ་ཞིག་འདོན་སྤེལ་ཞུས་པའི་ནང་། རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་བོད་ནང་སྔར་ལྷག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་སྐོར་དང་། བཙན་བྱོལ་ནང་ཡོད་པའི་བོད་མིར་འབྲེལ་བ་བྱས་པ་དང་༸གོང་ས་མཆོག་ལ་དད་པ་ཡོད་པའི་རྟགས་མཚན་ཅི་རུང་བཏོན་པ་རྣམས་ལ་འཇིགས་སྐུལ་གྱིས་ཁྲིམས་ཀྱི་ཉེས་འགལ་གང་ཡང་མེད་པར་མནར་གཅོད་གཏོང་བཞིན་ཡོད་སྐོར་འཁོད་ཡོད།
དེ་ཡང་སྙན་ཐོའི་ནང་ཕྱི་ལོ་ ༢༠༡༩ ཙམ་ལ་རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་བོད་རང་སྐྱོང་ལྗོངས་ཟེར་བའི་གཞིས་རྩེ་གྲོང་ཁྱེར་དུ་ཡོད་པའི་སྟེང་འགྲོ་དགོན་པར་མཚན་མོ་གློ་བུར་སྔོག་བཤེར་བྱས་རྗེས། སྟེང་འགྲོ་དགོན་པའི་དགེ་འདུན་པ་བཞི་ལ་ཡུན་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག དེ་ལྟར་སྔོག་བཤེར་བྱེད་དོན་ནི། ཕྱི་ལོ་ ༢༠༡༩ ལོར་གྲྭ་ཆོས་རྒྱལ་དབང་པོ་ལགས་ལྷ་སར་ཕྱིན་སྐབས། རང་ཉིད་ཀྱི་ལག་ཐོག་ཁ་པར་ཚིགས་ཇ་ཁང་ཞིག་ནང་ལྷག་པ་དང་། ཇ་ཁང་གི་སྦྱིན་བདག་གིས་ཁ་པར་ཉེན་རྟོག་པར་རྩིས་སྤྲོད་བྱས་པར་བརྟེན། ལྷ་ས་ཉེན་རྟོག་པས་གྲྭ་ཆོས་རྒྱལ་དབང་པོ་ལགས་ཀྱི་ཁ་པར་ལ་ཞིབ་བཤེར་བྱེད་སྐབས། གྲྭ་ཆོས་རྒྱལ་དབང་པོ་ལགས་ཀྱིས་ཕྱི་ལོ་ ༢༠༡༥ ལོར་བལ་ཡུལ་གྱི་ས་འགུལ་སྐབས་རོགས་དངུལ་བཏང་སྟེ། བལ་ཡུལ་ནང་གི་དིང་རི་བོད་མི་ཚོར་རོགས་སྐྱོར་བྱས་པས་ཁོང་དེ་མ་ཐག་འཛིན་བཟུང་བྱས་ཤིང་། ཉེན་རྟོག་རུ་ཁག་ཅིག་རྩ་འཛུགས་ཀྱིས། དིང་རི་ཕྱོགས་སུ་བསྐྱོད་དེ་མཚན་གཅིག་ལ་སྟེང་འགྲོ་དགོན་པ་དང་བྲག་ནག་གྲོང་ཚོ་གཉིས་ནང་ཧོབ་འཛུལ་གྱིས། དགོན་གྲོང་གཉིས་ཀྱི་མི་མང་ལ་གང་བྱུང་བཅར་རྡུང་དང་མི་གྲངས་ཉི་ཤུ་ཙམ་འཛིན་བཟུང་བྱས་ཡོད།
དེ་བཞིན་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་སྟེང་འགྲོ་དགོན་པ་དང་། བྲག་ནག་གྲོང་ཚོའི་སེར་སྐྱ་གཉིས་ལ་ཆབ་སྲིད་སློབ་གསོ་ཟེར་བའི་འོག་ཕྱོགས་ཡོངས་ནས་ས་ཁུལ་དེའི་མི་མང་གི་ཉིན་རེའི་འཚོ་གནས་རང་དབང་སོགས་ལ་བཀག་སྡོམ་དྲག་པོ་བྱས་པར་བརྟེན། རྒྱ་ནག་གིས་དགོན་གྲོང་གཉིས་ལ་ཧོབ་འཛུལ་བྱས་པའི་ཉིན་གསུམ་པར་བཀྲ་ཤིས་སྟེང་འགྲོ་དགོན་པའི་གྲྭ་བློ་བཟང་བཟོད་པ་ལགས་ཀྱིས་རང་སྲོག་བཅད་དེ་རྒྱ་ནག་ལ་ངོ་རྒོལ་བྱས་ཡོད་ཅིང་། རྒྱ་ནག་གིས་དེ་མ་ཐག་བྲག་ནག་གྲོང་ཚོའི་དྲ་ལམ་ཡོངས་བཀག་སྡོམ་བྱས་ཡོད་སྐོར་སོགས་བཀོད་འདུག
སྙན་ཐོའི་ནང་། ཕྱི་ལོ་ ༢༠༢༠ ཟླ་ ༩ ནང་གཞིས་ཀ་རྩེ་མི་དམངས་འབྲིང་རིམ་ཁྲིམས་ཁང་ཟེར་བས་སྟེང་འགྲོ་དགོན་པའི་རང་ལོ་ ༤༦ ཡིན་པའི་གྲྭ་ཆོས་རྒྱལ་དབང་པོ་ལགས་སུ་ལོ་ ༢༠ བཙོན་འཇུག་བྱས་ཡོད་པ་དང་། དེ་བཞིན་རང་ལོ་ ༤༣ ཡིན་པའི་གྲྭ་བློ་བཟང་སྦྱིན་པ་ལགས་སུ་ལོ་ ༡༩། རང་ལོ་ ༦༤ ཡིན་པའི་གྲྭ་ནོར་བུ་དོན་འགྲུབ་ལགས་སུ་ལོ་ ༡༧། རང་ལོ་ ༦༣ ཡིན་པའི་གྲྭ་ངག་དབང་ཡེ་ཤེས་ལགས་སུ་ལོ་ ༥ ཡི་བརྩོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
གདན་དོན་དེ་དང་འབྲེལ་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས། སྟེང་འགྲོ་དགོན་པའི་གནད་དོན་དེས་ཁྲིམས་འགལ་ནག་འཛུགས་བྱེད་ས་རྣམས་ཀྱིས་ནག་ཉེས་ཀྱི་ལས་འགུལ་གང་ཡང་སྤེལ་མེད་པ་ཤུགས་ཆེན་པོ་བསྟན་ཐུབ་པ་མ་ཟད། ལྷག་པར་རྒྱ་ནག་གི་ཁྲིམས་གང་ཡང་འགལ་མེད། ཅེས་གསུངས་ཡོད་པ་བཅས། །