༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༢༤ ཉིན་རྒྱ་གར་གྱི་ཨུ་ཊར་པར་ཌེ་ཤི་མངའ་སྡེའི་གྲོང་ཁྱེར་མེ་རཌ་ནང་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཀུལ་བྷུ་ཤན་བྷཀ་ཤི་ལགས་ཀྱི་འཁྲུངས་སྐར་ཉིན་མོ་དང་བསྟུན་འདས་པོ་དམ་པ་དེ་ཉིད་རྗེས་དྲན་གྱི་མཛད་སྒོ་ཞིག་ཚོགས་ཡོད།
ལྷག་བསམ་གྱིས་ཕྱུག་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཀུལ་བྷུ་ཤན་བྷཀ་ཤི་ (Shri Kulbhushan Bakshi) ལགས་ལྟ་བུ་མི་སྒེར་པའི་རྒྱབ་སྐྱོར་ལ་བརྟེན་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་མེ་ལྕེ་གསོན་པོར་གནས་ཐུབ་ཡོད།
སྐུ་ཞབས་ཀུལ་བྷུ་ཤན་བྷཀ་ཤི་ལགས་ནི། བོད་དོན་སླད་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྲས་ཤིག་ཡིན་ཞིང་། ཕྱི་ལོ་ ༡༩༩༦ ལོར་འདས་པོ་དམ་པ་ཁོང་གི་དབུ་ཁྲིད་འོག་རྒྱ་གར་གྱི་ཨུ་ཊར་པར་ཌེ་ཤི་མངའ་སྡེའི་གྲོང་ཁྱེར་མེ་རཌ་ (Meerut) ནང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Anterrashtriya Bharat Tibbat Sahyog Samiti) ཞེས་པ་ཞིག་གསར་འཛུགས་གནང་ཐུབ་ཡོད།སྐུ་ཞབས་ཀུལ་བྷུ་ཤན་བྷཀ་ཤི་ལགས་ཀྱིས་སྐུ་འཚོ་བཞུགས་རིང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དེའི་ཚོགས་གཙོ་གནང་སྟེ་བོད་ལ་རང་དབང་ཐོབ་ཐབས་སུ་རྒྱ་གར་མང་ཚོགས་ལ་བོད་དོན་སྐོར་གོ་རྟོགས་གཞི་རྒྱ་ཆེ་བ་སྤེལ་ཡོད་པ་མ་ཟད། རྒྱ་གར་མང་ཚོགས་ནས་བོད་དོན་སླད་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་པའི་འབོད་སྐུལ་ཡང་ཡང་ཞུས་གནང་ཡོད། འདས་པོ་དམ་པ་ཁོང་གིས་འདས་པའི་ལོ་ངོ་བཅུ་ཕྲག་གཉིས་ལྷག་རིང་བོད་མིའི་རང་དབང་འཐབ་རྩོད་ཆེད་དུ་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད།
དེ་ཡང་ཨུ་ཊར་པར་ཌེ་ཤི་མངའ་སྡེའི་གྲོང་ཁྱེར་མེ་རཌ་ཁུལ་གྱི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་ལྷན་འབྲེལ་ལམ་དམ་ཟབ་དང་། དེ་བཞིན་བོད་མིའི་རང་དབང་འཐབ་རྩོད་སྔར་ལྷག་ཤུགས་ཆེར་གཏོང་སླད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་དང་། ལས་བྱེད་བསྟན་འཛིན་འབྱོར་ལྡན་ལགས། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སུ་རེནྡྲ་ཀུ་མཱར་ (Shri Surendra Kumar) ལགས་བཅས་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཀུལ་བྷུ་ཤན་བྷཀ་ཤི་ལགས་ཀྱི་འཁྲུངས་སྐར་ཉིན་འདས་པོ་དམ་པ་དེ་ཉིད་རྗེས་དྲན་གྱི་མཛད་སྒོར་མཉམ་ཞུགས་གནང་ཡོད།མཛད་སྒོའི་ཐོག་མར་ཀུལ་བྷུ་ཤན་བྷཀ་ཤི་ལགས་ཀྱི་སྐུ་པར་མདུན་དུ་མར་མེ་མཆོད་ཀོང་ཕུལ་གྲུབ་མཚམས་འདས་པོ་དམ་པ་ཀུལ་བྷུ་ཤན་བྷཀ་ཤི་ལགས་ཀྱི་བུ་དང་། ད་ལྟ་ནུབ་ཨུ་ཊར་པར་ཌེ་ཤི་དང་ཨུ་ཏྟར་ཁཎྜ་ (Uttarakhand) མངའ་སྡེའི་ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་རཱ་ཝི་བྷཀ་ཤི་ (Ravi Bakshi) ལགས་ཀྱིས་ཚོགས་མི་ཡོངས་ལ་ཕེབས་བསུ་ཞུས་པ་དང་འབྲེལ་ཏོག་དབྱིབས་གཉན་རིམས་ཀྱི་སྐབས་འདིར་ཨུ་ཊར་པར་ཌེ་ཤི་དང་ཨུ་ཏྟར་ཁཎྜ་མངའ་སྡེའི་ས་གནས་ཀྱི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ད་བར་བོད་མིའི་འཐབ་རྩོད་དང་འབྲེལ་བའི་ལས་དོན་ཇི་སྤེལ་སྙན་སྒྲོན་དང་། དེ་བཞིན་མ་འོངས་པའི་ལས་གཞི་ཁག་གི་སྐོར་ངོ་སྤྲོད་གསུང་བཤད་གནང་ཡོད།
འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་སྐུ་ཞབས་ཀུལ་བྷུ་ཤན་བྷཀ་ཤི་ལགས་དང་ལྷན་དུ་ཕྱག་ལས་གནང་བའི་ཉམས་མྱོང་དང་། དེ་བཞིན་འཕགས་བོད་འབྲེལ་མཐུད་ལས་ཁང་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་ཏོག་དབྱིབས་གཉན་རིམས་ཀྱི་སྐབས་སུ་དྲ་ཐོག་ནས་བོད་དོན་དང་འབྲེལ་བའི་ལས་དོན་ཇི་སྤེལ་སྐོར་འགྲེལ་བརྗོད་ཁ་གསལ་གནང་ཡོད།རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སུ་རེནྡྲ་ཀུ་མཱར་ལགས་ཀྱིས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་བོད་མིའི་བདེན་པའི་འཐབ་རྩོད་སྔར་ལས་ལྷག་ཤུགས་ཆེ་ཇི་ལྟར་གཏོང་དགོས་པ་སོགས་ཀྱི་སྐོར་གསུངས། གཞན་ཡང་ཁོང་གིས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡོངས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་དབུས་གཞུང་ནས་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷཱ་རཏ་རཏྣཱ་ (Bharat Ratna) ཞེས་པ་འབུལ་བར་རྒྱབ་སྐྱོར་དང་། དེ་བཞིན་མགོན་པོ་གང་ཉིད་རྒྱ་གར་གྱི་གྲོས་ཚོགས་སུ་གདན་འདྲེན་ཞུ་བར་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད།
ཨུ་ཊར་པར་ཌེ་ཤི་མངའ་སྡེའི་གྲོང་ཁྱེར་མེ་རཌ་ཁུལ་གྱི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཌི་ཀེ་པཱལ་ (Dr. D. K. Pal) ལགས་ཀྱིས་བོད་མིའི་རང་དབང་འཐབ་རྩོད་འདི་ཉིད་མདུན་སྐྱོད་བྱེད་པར། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡོངས་ནས་རྒྱ་གར་གྱི་གཞི་རིམ་སློབ་གྲྭ་དང་། མཐོ་སློབ། ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་འགྲིམ་བཞིན་པའི་སློབ་ཕྲུག་རྣམས་ཀྱིས་གཙོས་རྒྱ་གར་གཞོན་སྐྱེས་རྣམས་ལ་ས་བབ་ཀྱི་ཆ་ནས་བོད་ནི་རྒྱ་གར་ལ་གལ་གནད་ཆེ་ཚུལ་སྐོར་གོ་རྟོགས་ཤུགས་ཆེ་སྤེལ་དགོས། ཞེས་གསུངས། ཕྱོགས་མཚུངས་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་གཞན་ཁག་གཅིག་གིས་བོད་དོན་སྐོར་གསུང་བཤད་གཟབ་རྒྱས་གནང་ཡོད་པ་བཅས།།